བཀའ་བློན་ཁྲི་བའི་རྗེས་སྐྱོང་བ།
འཕོ་འགྱུར་དང་གདམ་ཀ་གལ་ཆེན་ཞིག སྤྱི་ལོ་ ༢༠༡༡ ལོའི་བཀའ་བློན་ཁྲི་བ་འོས་འདེམས། བཀའ་བློན་ཁྲི་བ་ལས་ཐོག་པ་མཁས་དབང་ཟམ་གདོང་རིན་པོ་ཆེ། བཙན་བྱོལ་བོད་གཞུང་གི་སྲིད་བློན་མཆོག་གི་མཛད་འགན་སྤྱི་ལོ་༢༠༡༡ ལོའི་ཟླ་ ༨ པར་མཇུག་རྫོགས་རྒྱུར་ད་དུང་ལོ་ཤས་ཀྱི་དུས་ཚོད་ཡོད་མོད་ཀྱང༌། དེ་ཡི་རྗེས་སུ་ང་ཚོས་བཀའ་བློན་ཁྲི་བའི་འོས་གཞི་ཞིག་འདེམས་འཚོལ་འགོ་འཛུགས་བྱ་རྒྱུའི་དུས་སྐབས་ཆེས་རྩ་ཆེན་ཞིག་ཡིན། ད་ལྟ་ང་ཚོར་རླབས་ཆེ་བའི་དབུ་ཁྲིད་ཅིག་འཚོལ་རྒྱུའི་དུས་ཡུན་ལོ་གསུམ་ཡོད། བཀའ་བློན་ཁྲི་བའི་འོས་མི་གསར་བ་ཞིག་འཚོལ་རྒྱུར་དུས་ཡུན་འགྱང་པ་ཡིན་ན་ང་ཚོས་འགན་མ་འཁུར་བའི་མཚོན་རྟགས་ཤིག་རེད་ལ། དེ་ལས་དུས་ཡུན་རིང་པོར་འགྱང་ན་ཆག་སྒོ་ཆེན་པོ་ཞིག་ཏུ་ཚུད་ངེས་རེད་སྙམ། བཀའ་བློན་ཁྲི་བ་རྗེས་མ་དེའི་ལས་ཡུན་ལོ་ལྔར་ཐུགས་གཏན་འཁེལ་ཡོད་པས། དུས་ཡུན་དེ་ནི་ཆེས་གནད་འགག་ཅན་གྱི་དུས་སྐབས་ཤིག་རེད། སྐབས་དེར་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་མཆོག་དགུང་གྲངས་བརྒྱད་ཅུ་གྱ་གཅིག་ཙམ་ལ་ཕེབས་པར་བརྟེན་བཀའ་ཁྲི་རྗེས་མའི་ལས་འགན་ཡོངས་སུ་མཇུག་སྒྲིལ་གྱི་ཡོད། དེར་བརྟེན། སྐབས་རྗེས་མའི་བཀའ་བློན་ཁྲི་བའི་ལས་སྣེ་དེ་ཆེས་གལ་ཆེན་ཞིག་ཏུ་གྱུར་ཡོད། བཀའ་བློན་ཁྲི་བའི་འོས་མི་ཆེས་མཚན་ཉིད་དང་ལྡན་པ་ཞིག་འོས་གཞིའི་ཁྲོད་སླེབས་རྒྱུ་ནི་ཁ་ཚ་དགོས་གཏུག་ཅིག་ཡིན། བཀའ་བློན་ཁྲི་བ་རྗེས་མའི་འོས་མི་དེ་ལ་དབུ་ཁྲིད་ཀྱི་འཇོན་ཐང་དམིགས་བསལ་ཡོད་པ་དང༌། སྲིད་གཞུང་སྣེ་ཁྲིད་ཀྱི་ཐབས་རྩལ་ཁྱད་འཕགས་ལྡན་པ། གཞོན་སྐྱེས་ཚོའི་བློ་ངོར་འབབ་པའི་ལྟ་ཚུལ་གསར་པ་དང༌། མི་མང་གི་སྤྲོ་སྣང་འདྲེན་པའི་སྟོབས་ཤུགས་འདང་ངེས་པའི་ཆ་རྐྱེན་དག་ཚང་ཡོད་པ་ཞིག་ཡིན་དགོས། རྒྱབ་ལྗོངས། སྤྱི་ལོ་ ༢༠༠༠ ལོར་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་མཆོག་གིས། བཀའ་བློན་ཁྲི་བ་དེ་མི་མང་གི་ངོས་ནས་ཐད་ཀར་འོས་འདེམས་བྱ་རྒྱུའི་དགོངས་འཆར་གསལ་བོར་བཏོན་གནང་བ་དང༌། དེ་ནས་བཟུང་སྟེ་བོད་མི་མང་གི་དབུ་ཁྲིད་དེ་ྋསྐྱབས་མགོན་རིན་པོ་ཆེས་བསྐོ་འཇོག་གནང་རྒྱུ་མིན་པ་དང༌། ཡང་ན་སྐྱབས་བཅོལ་བོད་གཞུང་གི་གྲོས་ཚོགས་ཀྱི་འཐུས་མི་ཚོ་ཡང་དམིགས་བསལ་ཐད་བསྐོ་མེད་པར་གྱུར་ཡོད། ལོ་རྒྱུས་སྟེང་གི་གལ་ཆེ་བའི་བརྡ་ཁྱབ་འདི་ནི་ཁ་འཐོར་དུ་གནས་པའི་བོད་རིགས་ཚོར་གོ་སྐབས་གལ་ཆེན་ཞིག་ཀྱང་གནང་པ་རེད། སྲིད་བློན་ཞིག་འོས་འདེམས་བྱ་རྒྱུའི་ལས་འགན་དང་གཟི་བརྗིད་དང་ལྡན་པའི་ཐོབ་ཐང་དེ་བོད་མི་ཚོའི་ལག་ཏུ་ཡོད་པའི་རྐྱེན་གྱིས་འཛམ་གླིང་གང་སར་གནས་པའི་བོད་རིགས་ཚོས་སྤྲོ་གནང་དང་བཅས་བརྡ་ལན་ཡང་དག་པ་ཞིག་སྤྲོད་རྒྱུ་ནི་ཆེས་གལ་འགངས་ཆེན་པོ་ཞིག་ཡིན། བཀའ་ཁྲིའི་འོས་མི་དག་བཙལ་འཚོལ་དང་འདེམས་སྒྲིག་བྱེད་ཆེད་དུ་ང་ཚོས་དམིགས་ཡུལ་འཛིན་ས་ནི་འོས་མི་དེ་མ་མཐའ་ཡང་ཟམ་གདོང་རིན་པོ་ཆེ་མཆོག་དང་འདྲ་བར་གཏོང་ཕོད་ཆེ་བ་དང་སྲིད་གཞུང་གི་ཆེད་དུ་སྐུ་ངལ་ཚད་མེད་སྐྱོན་མཁན་ཁོང་དང་འདྲ་བ་ཞིག་དགོས། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་དེང་སྐབས་བཀའ་བློན་སྐབས་གཉིས་པའི་ཕྱག་ལས་གནང་བཞིན་ཡོད་ལ། ཁོང་སྤྱི་ལོ་༢༠༠༡ ལོར་ཐོག་མར་བཀའ་བློན་དུ་བདམས་པ་དང༌། སྤྱི་ལོ་༢༠༠༦ ལོར་སྐབས་གཉིས་པའི་བཀའ་ཁྲིར་བསྐྱར་འདེམས་བྱུང་བ་རེད། ལས་འཆར་དངོས། ངའི་བསམ་པར་འདི་ནི་ཆེས་གལ་འགངས་ཆེ་བ་ཞིག་ཡིན་པ་དང༌། ང་ཚོའི་ལས་འཆར་འདིར་བོད་རིགས་ཡིན་ཚད་ཞུགས་ཆོག་པ་དང༌། ཁོང་ལ་དབུ་ཁྲིད་ཀྱི་འཇོན་ནུས་ཡོད་པའི་བདེན་དཔང་ཁག་དང༌། ཁོང་རྣམས་ཀྱི་མཚན་བཅས་ངོ་སྤྲོད་གནང་སྟེ། སྤྱི་ལོ་ ༢༠༡༡ ལོའི་བཀའ་བློན་འོས་འདེམས་ཀྱི་འོས་མིའི་ཁྲོད་འཛུལ་ཞུགས་བྱས་ཆོག་པའི་འཆར་འགོད་ཅིག་བཟོ་དགོས་ཀྱི་འདུག ལོ་འདི་དག་གི་རིང་ལ་ཁ་འཐོར་དུ་གནས་པའི་བོད་མི་ཚོར་ཆབ་སྲིད་ཀྱི་དབུ་ཁྲིད་མང་དག་ཅིག་གིས་ཁྱད་ནུས་ལྡན་པའི་ཞབས་འདེགས་ཞུས་མྱོང་སྟབས་མི་སྣ་དེ་དག་གིས་ང་ཚོར་ཁེ་ཕན་ཆེན་པོ་བྱུང་ཡོད་པ་རེད། ངས་ཁོང་ཚོ་མང་པོ་ཞིག་ང་ཚོའི་ཡོང་རྒྱུའི་བཀའ་བློན་ཁྲི་བའི་འོས་འདེམས་ཁྲོད་ཞུགས་མཁན་དག་ཡིན་པའི་རེ་བ་ཆེན་པོ་བཅིངས་ཡོད། ཡིན་ན་ཡང༌། གོང་གི་དབུ་ཁྲིད་ཁག་མིན་པའི་གཞན་བོད་མི་སུ་ཞིག་ལ་བསམ་ཚུལ་མི་དང་ཐབས་ཤེས་མི་འདྲ་བ་ཡོད་མཁན་མང་པོ་ཞིག་ལ་རྒྱབ་སྐྱོར་བྱེད་མཁན་ཡང་མང་པོ་ཡོད་པ་མ་ཟད། དམིགས་བསལ་གྱི་དབུ་ཁྲིད་བྱེད་པར་གྲ་སྒྲིག་ཆ་ཚང་ལྡན་པའི་གཞོན་སྐྱེས་ཚོ་ལ་ཡང་གོ་སྐབས་ཡོད་པ་རེད། དེར་བརྟེན་གཞོན་སྐྱེས་ཚོ་འོས་འདེམས་ཁྲོད་འཛུལ་ཞུགས་བྱ་ཆོག་རྒྱུ་དེ་གལ་ཆེན་ཏུ་གྱུར་ཡོད་པས་འབྱུང་འགྱུར་གྱི་འོས་འདེམས་དེ་གོ་སྐབས་གལ་གནད་ཅན་ཞིག་ཀྱང་ཡིན། དེང་སྐབས་ཀྱི་བཙན་བྱོལ་བོད་མིའི་མི་འབོར་བརྒྱ་ཆ་བདུན་ཅུ་དོན་ལྔ་ལོ་ཚོད་ཞེ་ལྔའི་མན་ཡིན། དེ་ལྟའི་ལོ་ཚོད་ཅན་གྱིས་བཀའ་ཁྲིའི་འོས་མིའི་ཆ་ཤས་བླང་བ་ཡིན་ན་ང་ཚོའི་ཆབ་སྲིད་ཀྱི་འགྲོ་སྟངས་ལ་གསོན་ཤུགས་གསར་བ་ཞིག་རྒྱས་ངེས་ཡིན་པར་སེམས། འོས་མི་འདྲ་མིན་སྣ་ཚོགས་འཛོམས་ཐུབ་པའི་ཁོར་ཡུག་བཟང་པོ་བསྐྲུན་པ་དེས་འབྱུང་འགྱུར་གྱི་བཀའ་བློན་ཁྲི་བ་དེ་དོན་དང་ལྡན་པའི་འདེམས་སྒྲུག་གི་གོ་སྐབས་བླ་མེད་ཅིག་ཐོབ་ངེས་རེད།…