ང་ཡི་བསྟན་འཛིན་རྒྱ་མཚོ།
ཁ་སང་དོལ་རྒྱལ་རྗེས་བྲངས་པ་བོད་པ་ན་གཞོན་འགས། དངོས་སུ་ཕྱི་ལ་འདོན་ནས། རྒྱལ་དབང་མཆོག་ལ་ངོ་རྒོལ་བྱས་པ་འདི་མཐོང་ནས་བློ་ཕམ་བྱུང་། གུས་པའི་བཤེས་གཉེན་མཆོག་གིས་དེ་མཁྱེན་ནས་ ཁྱེད་འདིའི་དོན་ལ་སེམས་མ་སྐྱིད་པ་བྱེད་དགོས་དོན་མེད། ད་དུང་སེམས་མ་སྐྱིད་པ་ཡོང་གི་འདུག་ན། ཁྱེད་རྒྱལ་བ་རིན་པོ་ཆེའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་བཀའ་འདྲིན་བསམས་བཞིན་བསྟོད་པ་རེ་གཉིས་བྲིས་ན་དེས་བློ་སྟོབས་འཕེལ་བར་ཕན་གསུངས། དེས་ན་གུས་པས་གཤམ་གྱི་བསྟོད་དབྱངས་འདི་དག་རང་གི་སྙིང་སྟོབས་འཕེལ་ཆེད་བྲིས་པ་དེས་། ང་དང་འདྲ་བའི་རྒྱལ་དབང་ཁོང་གི་སློབ་མ་གཞན་རྣམས་ལ་ཡང་སྙིང་སྟོབས་འཕེལ་བར་གྱུར་ཅིག ཐུགས་རྒྱུད་ཤིན་དུ་བཟང་བས། བརྩེ་བའི་རྒྱུ་ལས་མ་འདས ། གཞན་གྱི་སྡུག་བསྔལ་གཟིགས་ནས། རྟག་ཏུ་ཕན་གྲོགས་བྱེད་པ། ང་ཡི་བསྟན་འཛིན་རྒྱ་མཚོ། བརྩེ་བའི་མ་དང་ནོར་སོང་། ཁྱེད་སྐུ་ཤིན་དུ་མཛེས་ལ། གཞན་དོན་ཁོ་ནར་སྤྱོད་པས། ངལ་གསོ་གུང་གསེང་ཟེར་བ། ཡིད་ལ་འཁོར་མྱོང་མེད་པ། ང་ཡི་བསྟན་འཛིན་རྒྱ་མཚོ། དྲིན་ཅན་ཕ་དང་ནོར་སོང་། ཁྱེད་གསུངས་ཤིན་དུ་སྙན་ལ། བློ་གསར་ཤེས་བྱར་སྐུལ་ཆེད། ཡུལ་ནས་ཡུལ་ལ་འགྲིམས་ནས། ཡང་དག་བསླབ་བྱར་ཞོལ་བ། ང་ཡི་བསྟན་འཛིན་རྒྱ་མཚོ། བཤེས་གཉེན་མཆོག་དང་ནོར་སོང་། ཁྱེད་ཀྱི་སྤྱོད་པ་མཛེས་ཀྱི། ཁྱེད་དང་འཕྲད་ན་དགའ་བ། ཁྱེད་དང་བྲལ་དུས་སྐྱོ་བ། རྟག་ཏུ་ཡིད་ལ་འཁོར་བའི་ ང་ཡི་བསྟན་འཛིན་རྒྱ་མཚོ། ཆུང་འདྲིས་མཆོག་དང་ནོར་བྱུང་།