ཁ་བརྡ།

ཁ་བརྡ།

ཁ་བརྡའི་དམིགས་ཡུལ།

  • ཁ་བརྡ་ནི་རྒྱ་ནག་གཞུང་གི་དབང་འོག་ཏུ་མི་གནས་པའི་བོད་པ་ཁ་ཤས་ཀྱིས་རྒྱ་གར་གྱིས་གཙོས་པའི་ཕྱི་རྒྱལ་ཁག་ན་ཡོད་པའི་བོད་ཡིག་ཤེས་མཁན་རྣམས་ཀྱི་བར་ལ་བསམ་ཚུལ་དང་གནས་ཚུལ། ཉམས་མྱོང་དང་ཤེས་ཡོན་སོགས་བརྗེ་རེས་དང་སྤེལ་རེས་ཡོང་ཆེད་དུ་བཙུགས་པའི་དྲ་ཚིགས་ཤིག་ཡིན།
  • བོད་དུ་བོད་ཡིག་གི་དྲ་ཚིགས་ཆེ་ཆུང་མི་འདྲ་བ་ཁ་ཤས་ཡོད་པ་དང་གཅིག རྒྱ་གཞུང་གིས་དྲ་ཚིགས་ཀྱི་དོ་དམ་ལ་དམ་ལྷོད་རྒོད་པ་དང་གཉིས་བཅས་ཀྱིས་དྲ་ཚིགས་འདི་སྒོ་འབྱེད་བྱེད་སྐབས། རྒྱ་ནག་གཞུང་གི་དབང་འོག་ན་ཡོད་པའི་བོད་ཡིག་ཤེས་མཁན་མང་པོ་དྲ་ཚིགས་འདིར་ཞུགས་རྒྱུའི་རེ་བ་ཆེན་པོ་བཅངས་མེད། ཡིན་ན་ཡང་། ཁོང་ཚོ་ཡང་དྲ་ཚིགས་འདི་ལ་ཞུགས་ཐུབ་པ་མ་ཟད་ཅི་ཙམ་གྱིས་མང་བ་ཞུགས་ཐུབ་ན་དེ་ཙམ་གྱིས་དྲ་ཚིགས་འདི་འབྱེད་མཁན་གྱི་དགའ་བ་འཕེལ་བར་འགྱུར་བ་ནི་བཤད་ཅི་དགོས།
  • ཁ་བརྡ་ནི་མི་གཉིས་སམ་དེ་ལས་མང་བའི་བར་གྱི་རང་དབང་གི་གླེང་མོལ་ཡིན། དེའི་སྔོན་འགྲོ་ཆ་རྐྱེན་ནི་དེ་ལ་ཞུགས་མཁན་ཚང་མ་འདྲ་མཉམ་ཡིན། ཁ་བརྡ་ལ་ཞུགས་མཁན་རྣམས་སྤྱི་ཚོགས་ཀྱི་ཐོག་ན་ཁ་རྗེ་དབང་ཐང་ལ་ཆེ་ཆུང་ཡོད་ན་ཡང་། ཁ་བརྡ་དྲ་ཚིགས་ལ་ཞུགས་ནས་ཁ་བརྡ་བྱེད་པའི་གནས་སྐབས་དེ་ལ་ཆེ་ཆུང་ཅི་ཡང་མེད། ཁ་བརྡ་དྲ་ཚིགས་ན་བླ་མ་དང་གདུལ་བྱའི་དབྱེ་བ་མེད་ལ། དགེ་རྒན་དང་སློབ་མའི་ཁྱད་པར་མེད། དཔོན་པོ་དང་མངའ་ཞབས་ཀྱི་རྣམ་དབྱེ་དེ་ལས་ཀྱང་མེད།
  • ཁ་བརྡ་དྲ་ཚིགས་ཀྱི་བརྗོད་བྱ་ལ་བཀག་རྒྱ་མེད། ཡིན་ན་ཡང་བརྗོད་བྱ་ལ་ཁ་བརྡ་དྲ་ཚིགས་ལ་རང་གི་དགའ་ཕྱོགས་ཡོད། གཞུང་ལུགས་སྐམ་བཤད་ལས་གནས་ཚུལ་རློན་བཤད་ལ་དགའ། བསམ་ཚུལ་རྒྱས་བཤད་ལས་དོན་དངོས་བགྲང་བཤད་ལ་དགའ།
  • ཁ་བརྡའི་སྐབས་སུ། སུ་ཞིག་གིས་རང་གི་ལྟ་བའི་རྒྱབ་སྐྱོར་དུ་འགྲོ་བའི་གསུང་ཚིག་དུམ་བུ་རེ་ལུང་འདྲེན་བྱེད་པ་དང་། མི་ཡི་བློ་སྒོ་འབྱེད་ཅིང་ཡོངས་གྲགས་མ་ཡིན་པའི་མཁས་པ་དང་སྐྱེས་ཆེན་དམ་པ་རྣམས་ཀྱི་གསུང་ཚིག་རེ་ཁྲོམ་བསྒྲགས་བྱེད་པ་ནི་ལོས་ཆོག ཡིན་ན་ཡང་སྐྱེས་ཆེན་ཞིག་གམ་གསུང་རབ་ཅིག་ལ་གུས་ཞབས་ཀྱིས་གསུང་བཤད་དང་གསུང་རབ་རིང་འགོད་བྱེད་པ་ལ་ཁ་བརྡའི་དྲ་ཚིགས་སུན་པར་འགྱུར།
  • ཁ་བརྡ་དྲ་ཚིགས་ལ་བློ་སྐྱེད་ཅན་གྱི་བརྗོད་བྱ་དང་བབ་ཆགས་པོའི་རྗོད་བྱེད་ནི་གལ་ལོས་ཆེ། རྩོམ་སྤྱོད་ལེགས་པོ་ཞིག་ནི་དེ་ལས་ཀྱང་གལ་ཆེ་བར་སྙམ། རང་ལྟ་མཆོག་འཛིན་གྱིས་གཞན་ལ་ཟུར་ཟ་བྱེད་པ་དང་། ཚིག་མཚོན་འདེབས་པ། ཐ་ན་ཁྱད་གསོད་བྱེད་པ་བཅས་ནི་སྤྱིར་བཏང་སྨྲ་བརྗོད་ཀྱི་ཡོན་ཏན་ཞིག་མིན་པ་ལྟར་ཁ་བརྡ་དྲ་ཚིགས་ཀྱིས་ཀྱང་ཡོན་ཏན་དུ་མི་བརྩི།

༢༠༠༨ ལོའི་སྤྱི་ཟླ་ ༧ ཚེས་ ༡༦ ཉིན།