[ 2009-2-21 3:07:00
འབའ་མཁྱེན་དཔལ།
ཕ་སྐད་དུས་ཆེན་ལ་ཕུལ་བའི་ལེགས་སྐྱེས། ཕ་སྐད་དུས་ཆེན་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ།<བོད་ཀྱི་སྐད་ཡིག་དྲ་བ་ལས་ལེན།>
༄༅།།གྲོས་གཞི་རུ་ཕུལ་བ།
རང་གིས་ཉེ་ལམ་དྲྭ་ཐོག་ཏུ་སྤེལ་བའི་ཟིན་བྲིས་ང་དང་ཀྲུང་གོ་པའི་སྐྲག་སྣང་ཞེས་པ་དང་ཀྲུང་གོའི་དངོས་སྐྱེལ་གྲུ་གཟེངས་ཞེས་པའི་མཇུག་ཏུ་ཀློག་མཁན་གྲོགས་པོ་རེ་ཟུང་གིས། ཀྲུང་གོ་ཞེས་པ་འདི་རྒྱ་ཡིག་རེད། རྒྱ་ནག་ཅེས་ཕྲིས་དང༌། འོ་ན་བོད་ལ་ཤིས་ཙང་ཞེས་འབྲི་རྒྱུ་ཡིན་ནམ། ཞེས་དང༌། ཀྲུང་གོ་ལ་རྒྱ་ནག་ཅེས་བརྗོད་ན། བོད་ལ་ཤིས་ཙང་ཞེས་འབྲི་དགོས་པའི་བཙན་བཀའ་དེ་སུ་ཡིས་བཏང་ངམ། རང་རེ་ལ་སྐད་ཡིག་ཐུན་མོང་མ་ཡིན་པ་ཞིག་ཡོད་བཞིན་དུ་རྒྱའི་སྐད་ཡིག་ངེས་པར་དུ་བཀོལ་སྤྱོད་བྱེད་དགོས་དོན་ཅི་ཞིག་ཡིན་ནམ། བོད་རང་ས་ནས་རྒྱའི་སྐད་ཡིག་མང་པོ་ཞིག་སྣང་མེད་ངང་བེད་སྤྱོད་བཏང་དང་གཏོང་བཞིན་པའི་མཇུག་འབྲས་ལ་བོད་ཀྱི་ཐ་སྙད་མང་པོ་ཞིག་རྩ་ཡལ་ལྟ་བུར་ཕྱིན་པ་མིན་ནམ། ཞེས་སྤེལ་ཡོད་པ་འདི་དག་གིས་བདག་ལ་བསམ་གཞིགས་སྣ་ཚོགས་ཤིག་བྱེད་པའི་རམ་འདེགས་ཐོབ་པ་མ་ཟད། དོགས་གཞི་མང་པོ་ཞིག་གི་སྒོ་གླེགས་ཀྱང་བྱས་སོང་བས་གྲོགས་པོ་དེ་དག་ལ་སྙིང་ནས་བཀའ་དྲིན་ཆེ་ཞུ་བར་མ་ཟད། ཕྱིན་ཆད་ཀྱང་འདི་ལྟ་བུའི་དགོངས་འཆར་ལྷུག་བརྗོད་གནང་བའི་རེ་བ་ཆེ། བདག་གིས་ཟིན་བྲིས་རེ་ཟུང་བཀོད་པ་ནི་རང་ཉིད་རྒྱལ་འདོད་དང་གཞན་ལ་རྒོལ་འདོད་རྐྱང་བའི་ཆེད་མ་ཡིན་པར་རང་གི་ཞན་ཆ་གང་ཡིན་ངོས་ཟིན་པ་དང་གཞན་གྱི་ཞན་ཆ་ལའང་དྲན་སྐུལ་རེ་བྱེད་ཨེ་ཐུབ་སྙམ་པའི་སེམས་འདུན་གྱིས་སྤེལ་བ་ལགས་ན། སྤུན་གྲོགས་ཡོངས་ཀྱིས་ཀྱང་དེ་ལྟར་དགོངས་འཇགས་གནང་ནས་མཛུབ་སྟོན་ཡོད་པར་ཞུ། ཡིན་ནའང༌། སྐྱོན་བརྗོད་ཡོངས་རྫོགས་ལ་ལགས་སོ་ཞེས་པའི་ལན་འདེབས་རྐྱང་བྱས་ན་སྐབས་འགར་རང་གི་ཞན་ཆ་གང་ནས་བྱུང་བ་གསལ་བོ་མི་རྟོགས་པས་མཚམས་ལན་རེར་རང་གི་འདོད་འདུན་དང་བསྟུན་པའི་ལན་རེའང་ཕུལ་བ་ཡིན་ལ། དུས་དེར་དཔྱོད་ལྡན་དག་གིས་ཐུགས་ཁྲེལ་མི་བཞེས་པར་ལྷག་པར་ཡང་མ་དག་པའི་ཉེས་སྐྱོན་ཁ་གསལ་གོ་བདེ་ཡིས་ངོ་སྤྲོད་གནང་རྒྱུ་མཁྱེན་མཁྱེན་ཞེས་ཀྱང་སྙིང་ནས་ཞུ་བ་ལགས་སོ།། འདི་དག་ནི་ཞར་བྱུང་དུ་འཕྲོས་ནས་ད་ནི་བརྗོད་དོན་དངོས་དེ་ཞུས་ན་གོང་གི་གནད་དོན་དེ་རིགས་ཇི་ལྟར་ལེགས་བཅོས་དང་ཐག་ཆོད་ཡོང་བའི་ཐད་ལ་བཤད་མི་ཤེས་པའི་གནད་འགག་གལ་ཆེན་ཞིག་མཆིས་པ་འདྲ་བས་དཔྱོད་ལྡན་སྤུན་གྲོགས་ཚོར་གྲོས་སུ་ཞུ་འདོད་པ་ལགས།