སྙིང་གི་སྤུན་གྲོགས་སྐལ་བཟང་སྦྱིན་པ་ལ་ཕུལ་བ།

ཐེ་བོ་ཤེས་རབ་རྒྱ་མཚོ། ཅི་ཞིག་བཤད་དགོས་ཇི་ལྟར་བཤད་དགོས།། དོ་ནུབ་སྙིང་ཁོང་དྲོད་ཀྱིས་གཏམས་བྱུང་།། ལོ་གསུམ་ལྕགས་ནག་བཙོན་ཁང་ནང་ལ།། ཁྱོད་ཀྱིས་དཀའ་སྡུག་མྱངས་པ་མང་སོང་།། བྱིས་པའི་ནང་གི་བྱིས་པ་ཡིན་དུས།། ཕལ་བའི་ནང་གི་ཕལ་བ་ཡིན་མོད།། ནར་སོན་ལོ་ཟླའི་རླུང་འཚུབ་འོག་ནས།། བདེན་དོན་སྐྱོང་བའི་དཔའ་སྙིང་རྒྱས་སོང་།། ལོ་ངོ་གསུམ་དེ་ཐུང་ཐུང་མ་ཡིན།། ཉིན་གྲངས་ཆིག་སྟོང་གོ་ལྔ་འདས་སོང་།། སྒེར་གཅོད་གཞུང་གི་རྩིག་གྱང་ངོས་སུ།། བདེན་དོན་ཡི་གེ་སྲོག་གིས་བྲིས་སོང་།། ཕ་མེས་ཡང་མེས་ཕྱི་མའི་ཡུལ་ནས།། ཁྱོད་ལ་གཟིགས་ནས་འདོད་པ་ཚིམས་ཡོད།། སྤུན་སྲིང་མང་པོ་གཞིས་དང་བྱེས་ནས།། ཁྱོད་ལ་བལྟས་ནས་རྟོག་པ་སད་ཡོད།། ཁྱོད་ཀྱི་རྟོག་བརྗོད་འཇའ་དང་འོད་ཡིན།། ཁ་བའི་རི་ལ་མཛེས་སྡུག་བསྐྱིལ་ཡོད།། ཁྱོད་ཀྱི་བློ་སྤོབས་མདའ་དང་ཐོག་ཡིན།། གཏུམ་དྲག་དཔོན་གཞུང་སྙིང་རྩ་བཀད་ཡོད།། ཁྱོད་ཀྱི་ལུས་ངག་ཡིད་གསུམ་འགུལ་བསྐྱོད།། དབྱངས་གསལ་སོ་བཞིས་མཚོན་ཐབས་ཡོད་དམ།། ཁྱོད་ཀྱིས་མྱངས་པའི་དཀའ་སྡུག་ལོ་ཟླ།། ཡི་གེ་ནང་ལ་ཤོང་ཐབས་ཡོད་དམ།། གླེགས་བམ་ཁྲི་ཕྲག་སྟོང་དུ་བྱས་ཀྱང་།། ཁྱོད་ཀྱི་ལམ་ཡིག་བྲིས་ནས་མི་ཚར།། གསེར་སྣག་རྡོ་རིང་དགུང་ལ་བསླངས་ཀྱང་།། ཁྱོད་ཀྱི་མཛད་རྗེས་མཚོན་ཐབས་མི་འདུག། ཅི་ཞིག་ཇི་ལྟར་བྲིས་པར་བྱས་ན།། གང་ཞིག་ག་འདྲ་མཚོན་པར་ནུས་སམ།། འཐོམས་པའི་མགོ་དང་འཁུམས་པའི་ལག་གིས།། དྲན་པར་མ་ནུས་འབྲི་ཡང་མ་ཕོད།། མེ་མདའི་ངོ་ཡ་སྨྱུ་གུས་བྱས་པ།། གནམ་ས་གཉིས་ཀྱིས་བརྗེད་སྲོལ་ཡོད་དམ།། ལོ་གསུམ་མནར་གཅོད་གོ་རིམ་དེ་དག། སྒང་པ་བོད་འདིའི་སེམས་ལ་ལོས་ཡོད།། སེམས་ཀྱི་དགའ་བ་མཚོན་པའི་བརྡ་རུ།། ཧ་ཅང་གཙང་བའི་ཁ་བཏགས་དཀར་པོ།། འཇིགས་ཞུམ་བྲལ་བའི་མི་བུ་ཁྱོད་ཀྱི།། སྐེ་ལ་ལྷོད་ཀྱིས་བསྒྲོན་ན་འདོད་ཡོད།། སྙིང་གི་སྤུན་གྲོགས་དམ་པ་མགར་མིའམ་སྐལ་བཟང་སྦྱིན་པ་སེམས་ཀྱིས་དྲན་བཞིན་འབྲི་བ་པོ་ནི་ས་མཐར་འཁྱམས་པའི་ཐེ་བོ་ཤེས་རབ་རྒྱ་མཚོར་འབོད་པ་དེའོ།། ཕྱི་ལོ་༢༠༡༣ལོའི་ཟླ་༧ཚེས་༢༡ དགོང་མོ།