མཐའ་གཉིས་སུ་མ་ལྷུང་བའི་བདེ་སྐྱིད་སྒྲུབ་སྟངས།

དེང་རབ་ཚན་རིག་གི་ཡབ་ཏུའང་འབོད་མཁན་ཡོད་པའི་ཌེ་མོ་ཁི་རེ་ཁྲུ་ནི་( 460 BC – 370 BC) དངོས་པོ་ཚང་མ་རྡུལ་ཕྲན་གྱིས་གྲུབ་པ་དང་ཆེས་ཕྲ་བའི་རྡུལ་ཕྲ་མོ་ནི་འཇིག་པ་མེད་པར་རྟག་པའི་རང་བཞིན་ཅན་ཡིན་པར་བརྗོད་མཁན་དུ་ཡོངས་གྲགས་སུ་དངོས་འཛིན་གྱི་ཡོད་པ་རེད། ཁོང་ནུབ་ཕྱོགས་ཀྱི་མཚན་ཉིད་རིགས་པ་གྲགས་ཅན་སོ་ཁུ་རེ་ཌུའི་སྔོན་ལ་བྱུང་བ་ཞིག་རེད། སྤྱིར་བཏང་སྤྱི་ལོ་སྔོན་ནས་ཕྱི་དངོས་པོའི་ཕུན་ཚོགས་ཀྱིས་བདེ་སྐྱིད་སྐྲུན་ཐུབ་པར་ཡིད་ཆེས་མེད་པ་དང་། འཇིག་རྟེན་གྱི་ལས་ལ་ངེས་འབྱུང་མཁན་གྱི་བྱ་བྲལ་བ་དང་དཀའ་ཐུབ་སྒྲུབ་མཁན། འཇིག་རྟན་འཚོ་བ་ལས་རྒྱང་རིང་དུ་བསྐྱེད་པའམ་གཡོལ་ཏེ་ཁེར་སྡོད་སྒོམ་སྒྲུབ་ཀྱིས་སེམས་ཐོག་རང་དུ་བདེ་སྐྱིད་འཚོལ་ཐབས་ཀྱིས་མི་ཚེ་གཏོང་མཁན་གྱི་ཚོགས་སྡེ་དང་སློབ་གྲྭ་དེ་འདྲ་ཧིན་དུ་དང་གནའ་སྔ་མོའི་གྷི་རིག་ནང་དུ་རིམ་པར་བྱུང་ཡོད་པ་རེད། སངས་རྒྱས་ཀྱི་ཆོས་དེ་གནའ་སྔ་མོའི་ཧིན་དུའི་ཆོས་ལུགས་གཞིར་བཞག་ནས་གསར་བཏོད་གནང་བ་ཞིག་ལ་མང་པོ་ཞིག་ནས་ངོས་འཛིན་གནང་གི་ཡོད་པ་རེད། ད་རུང་། ཧིན་དུའི་ཡོ་རོབ་ཀྱི་རིག་གཞུང་དེ་གཅིག་ལ་གཅིག་གིས་ཤན་ཞུགས་ཤིང་རྩ་བ་དང་ལོ་རྒྱུས་ཁོངས་གཅིག་ལ་ཐུག་ཡོད་པ་ཞིག་ཡིན་པས་ད་རུང་རྒྱུ་མ་ཕུ་འདེད་བྱ་རྒྱུ་མང་དུ་ཡོད་པ་རེད། ལོ་ངོ་ཉིས་སྟོང་སུམ་སྟོང་གི་ལོ་རྒྱུས་ཡོད་པའི་སེམས་ཐོག་ཁོ་ན་ནས་བདེ་སྐྱིད་འཚོལ་ཐབས་ཀྱི་གྲུབ་མཐའ་འདི་མཐའ་གཅིག་ཏུ་ལྷུང་ཞིང་ཆ་ཚང་བའི་གྲུབ་མཐའ་ཞིག་མིན་པར་བརྟེན་ལོ་རྒྱུས་རིང་མོའི་ཁྲོད། མིའི་སྤྱིའི་ཚོགས་ཀྱིས་ངོས་ལེན་ཆ་ཚང་མ་གནང་བར་ཕྱི་དངོས་པོའི་ཐོག་ནས་བདེ་སྐྱིད་འཚོལ་ཐབས་ལ་གཅིག་ཏུ་འབད་ནས་ཡོང་བ་རེད། ད་ཆ་མི་མང་པོ་ཞིག་གི་འཚོ་བའི་གནས་སྟངས་ཀྱི་རིམ་པ་ལྟར་ནང་སེམས་ཀྱི་བདེ་སྐྱིད་ལ་ཞིབ་འཇུག་གནང་བའི་འབྲས་བུ་ལྟར་ནའང་། ལས་ཀ་ཡག་པོ་ཡོད་པ། ཕྱི་དངོས་པོའི་ཆ་རྐྱེན་དང་མཐུན་རྐྱེན་འཛོམས་པོ་ཡོད་པ་རྣམས་ལ་བདེ་སྐྱིད་ཆེ་བ་དང་། དེ་ལྟར་མེད་པ་རྣམས་སེམས་སྡུག་དང་དཀའ་ངལ་མང་བ་ཡོད་པའི་ཞིབ་འཇུག་དེ་དག་གིས་ཀྱང་སེམས་ཐོག་ཁོ་ན་ནས་བདེ་སྐྱིད་འཚོལ་ཐབས་དེ་མཐའ་གཅིག་ཏུ་ལྷུང་བ་ཞིག་ཡིན་པར་ར་སྤྲོད་ཐུབ་ཀྱི་ཡོད་པ་རེད། དེས་ན་མཐའ་གཅིག་ཏུ་མ་ལྷུང་བར་ཕྱི་དངོས་པོ་དང་ནང་སེམས་གཉིས་ཐོག་ནས་མཐར་རུ་མ་ལྷུང་བའི་བདེ་སྐྱིད་སྒྲུབ་དགོས་པ་དེ་དངོས་ཡོད་ཀྱི་གནས་ཚུལ་རེད། ལས་ཀ་མ་ལས་པར་སྐྱེས་དམན་དང་བྱིས་པ་གཡུག་ཏེ་དབེན་པར་སོང་ནས་ཁེར་མོར་སྡོད་པ་ནི་ཁྱིམ་ཚང་ལ་འགན་མ་ཁུར་བ། སྤྱི་ཚོགས་ལ་འགན་མ་ཁུར་བ། ཐ་ན་མི་རང་ཉིད་ཀྱི་ལྟོ་གོས་ལའང་འགན་མ་ཁུར་བ་ཞིག་ཅི་ལ་མིན། ལས་ཀ་མ་བྱས་ན་ཟ་མ་གང་ནས་ཡོང་དགོས་རེད། གོན་རྒྱུ་གང་ནས་ཡོང་དགོས་རེད། ལྟོ་གོས་མེད་ནས་ལྟོགས་སྐོམ་བྱུང་ན་དེ་ན་བདེ་སྐྱིད་ཅང་ཡོད་པ་མ་རེད། ཡིན་ནའང་བསམ་བློའི་འཛིན་སྟངས་ཤིག་གི་ཐོག་ནས་དེ་ལ་སྡུག་སྒོམ་བཟོད་བསྲན་དང་དཀའ་ཐུབ་སྤྱད་ནས་གདོང་ལེན་བྱེད་ཐབས་ཤིག་ལོས་ཀྱང་ཡོད། ང་ཚོའི་ནང་པ་སངས་རྒྱས་ཀྱི་ཆོས་འདི་རྒྱ་ཆེན་པོ་དང་གཏིང་ཟབ་པོ་ཞིབ་འཇུག་བྱེད་རིན་ཡོད་པ་དང་ལེགས་ཆ་བསྡུ་རྒྱུ་ཡོད་པ་ཞིག་ཡིན་པ་སྨྲོས་མེད་ཀྱང་འདོད་པའི་རང་བཞིན་ཅན་འདོད་པ་དོན་དུ་གཉེར་དགོས་པ་ནི་ཁ་ཚ་དགོས་གཏུགས་ཡིན་པའི་མིའི་འཇིག་རྟེན་གྱི་སྤྱི་ཚོགས་འདི་དང་ཧ་ཅང་འཚམས་པོ་ཡོད་པའི་ཆོས་ལུགས་ཤིག་མིན་པ་འདྲ། ཡང་འདོད་པ་ལམ་འཁྱེར་ཟེར་བའི་མིའི་སྤྱི་ཚོགས་འདི་དང་འཚམས་པོ་ཡོད་པའི་ལེགས་བཤད་གསེར་འདྲ་བ་དེ་འདྲའང་མཐོང་རྒྱུ་འདུག མི་མང་པོ་ཞིག་གི་སེམས་ལ་འདོད་པ་དོན་དུ་གཉེར་ཟེར་ན། མི་དགེ་བའི་ལས་ལ་ཞུགས་ཟེར་བ་ལྟ་བུ་ཞིག་ཏུ་གོ་ན་དེ་ནི་ནོར་འཁྲུལ་ཡིན་པ་རེད། ང་ཚོའི་མིས་བཟོས་པའི་ཁྲིམས་ཟེར་བ་ཞིག་ཡོད་པ་དེ་དང་མཐུན་པ། ང་ཚོས་མིས་བཟོས་པའི་མི་ཆོས་ཟེར་བ་ཞིག་ཡོད་པ་དེ་དང་མཐུན་པ། ང་ཚོས་མིས་བཟོས་པའི་ལྷ་ཆོས་ཟེར་བ་ཞིག་ཡོད་པ་དེ་དག་དང་མཐུན་པའི་སྒོ་ནས་འདོད་པ་དོན་དུ་གཉེར་སྟངས་མཐའ་དང་ཕྱོགས་སུ་མ་ལྷུང་བ་ཞིག་ཡོད་པ་རེད། དེ་གལ་ཆེན་པོ་རེད།