བོད་ཀྱི་སྐད་ལ་མི་ཤེས་པ། །
ཕལ་ཆེར་ཐོས་པ་ཆུང་བའི་སྐྱོན། །
འགའ་ཞིག་འགྱུར་གྱི་བྱེ་བྲག་དང༌། །
ཡུལ་སྐད་དག་གིས་བསྒྲིབས་པ་ཡོད། །
བོད་ཀྱི་སྐད་ལ་མི་ཤེས་པ། །
ཕལ་ཆེར་ཐོས་པ་ཆུང་བའི་སྐྱོན། །
འགའ་ཞིག་འགྱུར་གྱི་བྱེ་བྲག་དང༌། །
ཡུལ་སྐད་དག་གིས་བསྒྲིབས་པ་ཡོད། །
དེ་རིང་སྐད་ཆ་ཆུང་ཆུང་ཞིག་སེམས་ལ་འཁོར་བྱུང་། དེ་ནི་སྐད་དང་ཡི་གེའི་སྐོར་ལ་ཡིན། ང་ཚོས་སྐད་དང་སྐད་ཡིག་གི་སྐོར་ལ་ཚོགས་འདུ་མང་པོ་འཚོགས་ནས་བོད་སྐད་འདི་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་སྐོར་བཤད་པ་རེད། ད་དེའི་ཆ་ཤས་ཤིག་འདི་འདྲ་ཡོང་ཐབས་ཨེ་ཡོད། དབྱངས་གསལ་གྱི་སྒྲ་གདངས་སློབ་ཐབས་ལ་ལག་ལེན་གསར་པ་ཞིག་བྱེད་ཨེ་ཐུབ། དཔེར་ན། གསལ་བྱེད་སུམ་ཅུའི་་སྒྲ་གདངས་དེ་དབུས་སྐད་ལྟར་འབྱིན་ཨེ་ཐུབ་ལ་ལྟོས། གང་ཡིན་ཟེར་ན། དབུས་པས་གསལ་བྱེད་ཀྱི་ཕོ་མོ་མ་ནིང་གི་སྒྲ་གདངས་ཧ་ཅང་རན་པོ་ཞིག་འདོན་གྱིན་འདུག
བོད་ཡིག་གི་དྲ་རྒྱ་དག་ན་ ཨི་ཇིབ་ཀྱི་སྐོར་ལ་གླེང་སློང་མེད་པའམ་ཉུང་བ་དེས་རྐྱེན་བྱས་ཏེ། ཨི་ཇིབ་ཀྱི་སྐོར་ལ་གསར་འགྱུར་ཞིག་འབྲི་རྩིས་བྱས་མོད། ད་དུང་ལྕོགས་མ་སོང་། ཨི་ཇིབ་ཀྱི་རྙོག་ཁྲ་འདི་དག་བྱུང་ནས་ད་ཆ་བདུན་ཕྲག་གསུམ་མ་ཟིན་ཙམ་འགྲོ་བཞིན་ཡོད་པ་དང་། མི་དམངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་གཞུང་མགོ་རྟིང་སློག་ལ་ཉེ་བའི་དུས་ཚོད་ཅིག་ཏན་ཏན་རེད། ཨེ་ཤ་ཡ་རང་དབང་རླུང་འཕྲིན་དང་ཨ་རིའི་བོད་སྐད་རླུང་འཕྲིན་དག་ན་འདིའི་སྐོར་གྱི་བོད་ཡིག་གསར་འགྱུར་རེ་རྟག་པར་མཐོང་རྒྱུ་འདུག དེ་རིང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲ་རྒྱའི་ཐོག་ན། “རྒྱ་ནག་མི་དམངས་ལ་ཨི་ཇིབ་ནང་གི་ངོ་རྒོལ་ལས་འགུལ་གྱི་གསར་འགྱུར་རིགས་དྲ་རྒྱའི་ནང་ནས་ལྟ་ཀློག་བྱེད་རྒྱུ་མེད་པ་བཀག་འགོག་བྱས་པ།” ཞེས་འཁོད་པའི་གསར་འགྱུར་ཞིག་འདུག དེ་བཞིན་ཨ་རིའི་བོད་སྐད་རླུང་འཕྲིན་དུ་ཡང་ “ཨི་ཇིབ་ཀྱི་སྲིད་འཛིན་གྱིས་་བཅོས་བསྒྱུར་བྱ་རྒྱུ་ཁྱབ་བསྒྲགས་གནང་ཡོད་པ།”ཅེས་འཁོད་པའི་གསར་འགྱུར་ཞིག་སྤེལ་འདུག རང་ཉིད་ལ་མཚོན་ན་ ཨི་ཇིབ་ཀྱི་གླེང་རྙོག་འདི་བྱུང་མ་ཐག་ནས་ཤེས་འདོད་པ་ནི་རྒྱ་ནག་གཞུང་གིས་འདི་ཐད་རྣམ་འགྱུར་སྟོན་སྟངས་ག་འདྲ་ཡིན་མིན་དེ་ཡིན། དམིགས་བསལ་གྱིས་ཨ་རིའི་གསར་འགྱུར་བརྒྱུད་ལམ་ཆེ་ཁག་དག་གིས་ ཉིན་མཚན་དུས་ཚོད་ཉེར་བཞིའི་རིང་ གསར་འགྱུར་འདི་དག་བརྒྱུད་བསྒྲགས་བྱས་པ་དང་། གསར་འགྱུར་ཆེ་ཁག་གི་གསར་འགོད་པ་དག་ས་གནས་སུ་བསྐྱོད་ནས་གསར་འགྱུར་སྤེལ་སྐབས་དྲག་རྡུང་དང་རྨས་སྐྱོན་ཕོག་ན་ཡང་ད་དུང་ཨུ་ཚུགས་ཀྱིས་གསར་འགྱུར་སྤེལ་བཞིན་འདུག དེ་ནི་འགྲོ་བ་མིའི་ཐོབ་ཐང་དང་གསར་འགོད་རང་དབང་གི་སྐོར་ཡིན་ཞེས་བརྗོད་བྱུང་། དེས་ན་ ང་ཚོས་མཐོང་ཐུབ་པ་ཞིག་ནི། ༢༠༠༨ ལོར་བོད་དུ་ཞི་རྒོལ་ཆེན་མོ་བྱུང་སྐབས་ ཧ་ལམ་འཛམ་གླིང་གི་གསར་འགོད་པ་གཅིག་ཀྱང་མེད་པ་ལྟ་བུ་ཞིག་རེད། ད་ཁྱད་པར་ག་རེ་རེད། ཨི་ཇིབ་ཀྱི་སྣུམ་ལ་ཐུག་པ་རེད་དམ། གཡག་ལ་གཅེས་པ་རེད་དམ་ཁྲག་ལ་གཅེས་པ་རེད། ཨི་ཇིབ་གླེང་དུ་ཕེབས། ཨི་ཇིབ་དང་བོད་ཀྱི་གནད་དོན་ལ་བགྲོ་གླེང་གནང་རོགས།
བསོད་ནམས་ཡར་འགྲོ་ལགས།
ཞབས་གཞས་ཡོད་ན་ དབུ་ཡི་གཡུགས་སྲོལ་ ལ་ འོ་ན་
འདུག་སེ་བྱེད་ན་གང་འདྲ་འདུག
འདུག་སེ་བྱེད་ན་གང་འདྲ་འདུག
འདུག་སེ་བྱེད་ན་གང་འདྲ་འདུག
འདུག་སེ་ འདུག་སེ་ འདུག་ སེ་བྱེད་ན་ ཡ་འོ་ན།
བསོད་ནམས་ཡར་འགྲོ་ལགས།
གཡང་སྐྱབས་རྒྱལ། ——- ཀ་ན་རེ། “ད་ང་ཉོབ་གི་འདུག སྐྱིད་པོ་མི་འདུག” ཁ་ན་རེ། “སྐུ་ངོ་གང་གནང་སོང་།” ཀ་ན་རེ། “ང་ལུང་པ་འདི་ལ་སྐྱིད་པོ་མི་འདུག ཚ་བ་ཆེན་པོ་འདུག” ཁ་ན་རེ། “སྐུ་ངོ་རང་སྐུ་ངོ་རེད། དེ་དོན་དག་ཆུང་ཆུང་རེད། འགུལ་ཙམ་བྱས་ན་བསམ་དོན་ཚང་མ་འགྲུབ་གི་རེད།” ཀ་ལུང་པ་གཞན་ཞིག་ཏུ་འབྱོར། སྤྱི་ཚོགས་ཚང་མ་འུར་གྱིས་ཁེངས། ཀ་ནི་ལྷོད་ལྷོད་ངང་བཞུགས། ཟླ་བ་གཅིག་ཙམ་གྱི་རྗེས་ལ། ལས་ཁུངས་ཤིག་ཏུ་ཕྱག་ལས་གནང་མགོ་བཙུགས། ངོ་མ་བཤད་ན། ལས་ཁུངས་དེར་ལས་བྱེད་གསར་པའི་གནས་རིམ་མེད། ཀ་ཡི་མཐོང་དང་གཟི་བརྗིད་ཀྱིས་ལས་བྱེད་རྙིང་པ་ཞིག་གནས་དབྱུང་བཏང་། མིང་ལ་བགྲེས་ཡོལ་སྔ་བསྣུར་ཞེས་བཏགས། དེའི་ཚབ་ལ་ཀ་ལ་ཕྱག་ལས་ཕུལ། ཀ་ནི་ལུང་པ་གསར་པའི་ནང་སྡུག་གི་སྣེ་མོ་ཞིག་མ་མཐོང་བར་སྐུ་ཚབ་ཆེན་པོ་ཞིག་ཆགས། ཀ་ན་རེ། “ཁ་ཁྱོད་བདེན་པ་འདུག སྐུ་ངོ་ཟེར་རྒྱུ་འདི་ལ་ཏན་ཏན་ལྟ་རྒྱུ་ཞིག་འདུག” ཁོ་ཕི་ཞིག་མཆོད་ནས་བཞུགས་སོ། ཁ་ཡིས་ཀྱང་འདི་དག་ཚང་མ་མིག་གསོན་པོས་མཐོང་། ང་ཡང་སྐུ་ངོ་ཀ་ནང་བཞིན་བྱེད་དགོས་དྲན། རྒྱུགས། ལུང་པ་གཞན་ཞིག་ལ་རྒྱུགས། འོ་ཙི། ལས་ཀ་མི་འདུག མགྲོན་ཁང་གི་ལས་ཀ་བྱས། ལས་དོད་དང་རྔན་པ་གཉིས་ཀྱིས་གང་ཆེ་བསྡུར་ནས་བཞུགས། མཚམས་ཤིག་ལ་སྐུ་ངོ་ཀ་ལ་མཇལ། ཀ་ན་རེ། “ཁོ་རེ། ཁ ཁྱོད་འདིར་གང་བྱེད་ཀྱི་ཡོད།” ཁ་ན་རེ། “མགྲོན་ཁང་གི་ལས་ཞབས་བྱེད་ཀྱི་ཡོད།” ཀ་ན་རེ། “ཡག་པོ་དཔེ་འདྲ་ཞིག་རེད། ཧུར་ཐག་བྱེད་དགོས་རེད་ད། མ་རབས་བྱེད་རྒྱུ་ཡོད་མ་རེད། ༧སྐྱབས་མགོན་རིན་པོ་ཆེས་གསུངས་བྱུང་ང་། མི་རེ་ངོ་རེ་ནས་བོད་མི་དམངས་ཀྱི་སྐུ་ཚབ་བྱེད་དགོས་རེད།” ཁ་ན་རེ། “ལགས་རེད། སྐུ་ངོ་ལགས། ལགས་རེད།”
ཉེ་ཆར་གྲོགས་པོ་ཞིག་བརྒྱུད་ནས་ང་ལ་རིན་བཟང་གི་མུ་འབྲེལ་ཟིན་ཐོ་ཞེས་པའི་དེབ་གཉིས་འབྱོར་བྱུང་། དེབ་དང་པོ་དེ། ངའི་ཕ་ཡུལ་དང་ཞི་བའི་བཅིངས་འགྲོལ་ ཞེས་པ་དེ་རེད། དེབ་གཉིས་པ་དེ། ངའི་ཕ་ཡུལ་དང་གཟབ་ཉན། ཞེས་པ་དེ་རེད། དེབ་ཀྱི་ནང་དོན་གཙོ་བོ་ནི། མདོ་སྨད་ཁུལ་དུ་ ༡༩༥༨ ལོར་རྒྱ་དམག་སླེབས་སྐབས་ཤི་གསོད་གོད་ཆག་ཆེན་པོ་བྱུང་བའི་སྐོར་རེད། མི་སེར་སྡེབ་གསོད་བྱས་པ་དང་། བཙོན་དུ་འཁྲིད་པ། བོད་རིགས་དཔའ་བོ་ཚོས་གྱེན་རྒོལ་བྱས་པ་བཅས་དེང་སང་གི་རྒན་རྒོན་རྣམས་ལ་བཅར་འདྲི་ཞུས་པ་ཞིག་རེད་ལ། སྐད་ཀྱང་ཤུགས་ཆེ་ཨ་མདོའི་སྐད་དུ་བྲིས་འདུག དེབ་འདི་གཉིས་བོད་ནས་དཔར་སྐྲུན་བྱས་པ་ཞིག་ཡིན་པ་དང་། དཔར་ལོ་ནི་ ༢༠༠༨ ཡིན་དགོས་པ་འདྲ་མོད། དངོས་གནས་ལོ་ཚིགས་དང་དཔར་ཁང་སོགས་གང་ཡིན་གསལ་པོར་བཀོད་མི་འདུག རྩོམ་པ་པོ་རིན་བཟང་ངམ་རིན་ཆེན་བཟང་པོ་དེ་དགེ་འདུན་པ་ཞིག་ཡིན་པ་དང་། ཁོང་གིས་གོང་གསལ་རྒན་རྒོན་རྣམས་ལ་བཅར་འདྲི་ཞུས་པ་ཙམ་མ་ཟད། ཁོང་མདོ་སྨད་ཀྱི་ས་གང་སར་ཕེབས་པའི་མྱོང་ཚོར་ཡང་བྲིས་འདུག རིང་ནས་སྙིང་ལ་བརྣགས་པའི་འདོད་པའི་དོན།། ཞེས་པའི་ཚིག་དོན་ལྟར། ངེད་ལ་ཡང་འདི་འདྲ་ཞིག་བྱུང་ན་ཅི་མ་རུང་ཞེས་ཧམ་སེམས་ཤིག་ཡོད་པ་དེ་མིག་སྨན་མིག་ཐོག་ཏུ་འཁེལ་བ་ཞིག་བྱུང་ལ། ནགས་ཚང་ཞི་ལིའི་སྐྱིད་སྡུག་དང་དེ་ནས་དེབ་འདི་དག་གི་ཐོག་ནས་གདུག་རྩུབ་ཆེ་བའི་རྒྱ་དམག་གི་ངོ་གདོང་དེ་ཞིབ་ཚགས་པོར་མཐོང་ཐུབ་པ་འདུག ཀྱཱ་ཕུག་བན་དེ་ཞུ་བ་དང་ཁ་སྒང་རྟ་མགྲིན་ཐར་ཞུ་བའི་གྱེན་རྒོལ་གྱི་དཔའ་བོའི་སྣང་བརྙན་དེ་ཚོ་གེ་སར་གྱི་དཔའ་རྟུལ་བཞིན་གསལ་འདུག ཟླ་ཚང་ཡར་འཕེལ་ཞུ་བ་བཅར་འདྲིའི་སྐབས་སུ། ཁོ་རྒྱ་དམག་གིས་བཟུང་ནས་རོགས་པ་བོད་མི་བཙོན་པ་མང་པོ་ལྷན་དུ་འཁྲིད་འགྲོ་སྐབས་འདི་ལྟར། “ནུབ་མོ་ཞིག་ལ། ངུ་ཆོ་བཙོན་མ་ཚང་མ་ལག་པ་རུས་ནས་རླངས་འཁོར་ཞིག་གི་ནང་ལ་བརྫངས་ནས་ལམ་ལ་ཆས། ཆུས་ཁྲེ་སྒམ་གྱི་སྟོད་སྨད་བར་གསུམ་ན་དམག་རེ་རེ་༼བཅས་༽སྤྱི་སྡོམ་དམག་དྲུག་རེ་ཡོད་ཀི ཀོས་ནན་ནས་སུམ་མདོ་བརྒྱུད་བྱེ་སྣའི་བར་དེ་ལ་ཐོན་དུས། ངུ་ཆོའི་༼ང་ཚོའི་༽ནང་ན་ཨ་ཁུ་བཟང་པོ་ཟེར་ནི་ཞིག་ཡོད། ཀླུའི་དགོན་པའི་གྲྭ་པ་རེད། མཚམས་དེར་ཨ་ཁུ་ཤི་སོང་གཟིག་ར། རོ་དམག་མི་གཉིས་ཀྱིས་རླངས་འཁོར་སྒམ་ཁ་ནས་སར་གཡུགས་དང་ཐ།”ཞེས་བྲིས་འདུག
དགེ་འདུན་རབ་གསལ།
——————-
སྔ་ལོའི་ལོ་མཇུག་ཏུ། ༧གོང་ས་མཆོག་གིས། བོད་ཁྱིམ་སློབ་གྲྭར་འདས་པའི་བཙན་བྱོལ་གྱི་ལོ་ཟླ་དག་གི་ནང་བོད་མིའི་སློབ་གྲྭ་ཁག་ཏུ་ཤེས་ཡོན་གྱི་གནས་སྟངས་སྐྱོ་བོ་ཡིན་སྐོར་བཀའ་སློབ་ཕེབས་ཤིང་། དེ་ནས་སླར་ཡང་དམིགས་བསལ་ཚོགས་ཆེན་གྱི་མཇུག་ཏུ་ཆེད་ལས་པ་ཉུང་བའི་སྐྱོན་ཡོད་པའི་བཀའ་སློབ་ཕེབས་པ་ནས་བཟུང་། བཙན་བྱོལ་ནང་འདིའི་སྐོར་གྱི་གླེང་གཞི་དེ་ཆེན་པོ་ཆགས་ཤིང་། ཤེས་རིག་ལས་ཁུངས་ཀྱིས་ཀྱང་བོད་ཀྱི་དུས་བབ་ཏུ་གསལ་བསྒྲགས་ཤིག་སྤེལ་ནས་བོད་མིའི་ཆེད་ལས་སློབ་ཐོན་པ་གང་ན་སུ་ཡོད་རྣམས་ཀྱིས་ཐོ་གཞུང་བཙན་བྱོལ་གཞུང་ལ་འབུལ་དགོས་པའི་སྐུལ་མ་བྱས་འདུག་ལ། ༼འདི་ཡང་༧གོང་ས་མཆོག་ལ་ཐུགས་གསོ་ཞིག་འབུལ་ཆེད་ཡིན་ལས་ཆེ་སྙམ།༽ ཁ་བརྡ་དྲ་དེབ་སྟེང་དུ་ཡང་རབ་འབྱོར་ལགས་ཀྱིས་ཡོད་ཚད་༧རྒྱལ་བ་རིན་པོ་ཆེ་ལ་སྒུག་པའི་བོད་མིའི་གཤིས་ཀ་དེ་འགྲེལ་བརྗོད་བྱས་འདུག ངེད་ཀྱིས་ཀྱང་འདི་འབྲེལ་གྱི་གནས་ཚུལ་ཐད་བསམ་ཚུལ་འགའ་རེ་བྱུང་བ་གཤམ་གསལ་ལྟར་ཡིན།
སྤོབས་པ་མཐའ་ཡས། རང་རེའི་མི་ཕལ་མོ་ཆེས་དད་པ་འཇོག་དགོས་ས་དེར་མི་འཇོག་པར་མི་དགོས་ས་རྐྱང་རྐྱང་གི་ཆེད་དུ་སྲོག་ཡིན་ཡང་གཏོང་ཐུབ་པའི་དད་པ་འཇོག་གི་རེད། བོད་མི་ཕལ་མོས་ཆེ་མི་ཚེའི་རིང་ལྷ་སར་ཐེངས་གཅིག་འགྲོ་ཐུབ་པ་དེ་ཧ་ཅང་གི་སྐལ་བ་བཟང་པོ་ཞིག་ཏུ་བརྩི་ཞིང་། སྔོན་དུས་སུ་ངེད་ཚོའི་ཕ་ཡུལ་མདོ་ཁམས་སྨད་ནས་ལྷ་ས་བར་དུ་གོམ་བགྲོད་ཀྱིས་ཟླ་བ་གསུམ་བགྲོད་དགོས་ཤིང་རྐུན་ཇག་མང་བ། མཐུན་རྐྱེན་ཞན་པ། འབྲོག་སྟོང་དང་། གཡང་ས་དང་། ནགས་ཁྲོད་དང་། ལ་ཐུར་མང་བ་སོགས་ཀྱི་དཀའ་ངལ་རྣ་བས་ཉན་མི་བཟོད་པ་མང་པོ་ཡོད་ཀྱང་ཇི་མི་སྙམ་པར་འགྲོ་ཞིང་སྲོག་མགོ་ཐོན་པ་དང་མ་ཐོན་ཅི་རིགས་བྱུང་གིན་ཡོད་འདུག བོད་མི་ཚོ་ས་དེ་ལྟབུའི་དཀའ་བ་དང་དུ་བླངས་ནས་གང་ཞིག་མཇལ་དུ་འགྲོ་བ་དེ་ནི་ཀོང་ཇོས་སྤྱན་དྲངས་པར་གྲགས་པའི་ཇོ་བོ་ཞེས་པའི་གསེར་སྐུ་འདི་དང་གཞན་ཡང་ལྷ་སྐུ་མདའ་ངེ་མདུང་ངེ་དང་ལྷ་ཁང་བ་གེ་བུག་གེ་ཁ་ཤས་ཤིག་རེད། དེ་མིན་གླིང་སྐོར་ལམ་འགྲམ་གྱི་ས་རྡོ་ཡན་ཆད་ལ་བྱིན་རླབས་ཞུ་བ་དང་མཆོད་པ་འབུལ་ཁུལ་གྱིས་མར་བྱུགས་ནས་ནག་རིལ་རིལ་བཟོས་ཡོད་པ་རེད། ལྷ་ཁང་དང་ལྷ་སྐུ་དེ་བཞིན་ས་རྡོ་འདི་ཚོས་བྱིན་རླབས་ཟེར་བ་དེ་བཙན་ཐབས་སུ་རང་རྒྱུད་ལ་བཅུག་ཡོང་གིན་ཡོད་པའི་དད་པ་ལོང་བ་ཞིག་ལས་གང་ཡང་མེད། དེང་དུས་སུ་ཡང་བོད་མི་ཚོས་དོ་སྐྱེལ་འཕྲུལ་འཁོར་གླས་ཤིང་དོ་སྐྱེལ་འཕྲུལ་འཁོར་རེ་རེའི་ནང་དུ་མི་བཞི་བཅུ་ནས་བརྒྱད་ཅུའི་བར་བསྡད་ནས་འགྲོ་ཞིང་དེའི་དཀའ་ངལ་དང་ཉེན་ཁ་དེ་ཡང་སེམས་ཀྱིས་མི་བཟོད་པ་ཞིག་རེད། འཕྲུལ་འཁོར་ཁ་ལོ་པ་མང་པོ་ཞིག་ལ་སྦྱོང་བརྡར་དང་ལག་ཁྱེར་ཡང་ཚད་ལྡན་མེད་སྟབས་བརྡབ་སྐྱོན་བྱུང་ནས་སྲོག་ཤོར་བའི་གྲངས་འབོར་ཧ་ཅང་ཆེན་པོ་ཡིན། སྤྱིར་བཏང་ལྷ་སར་སོང་ན་ཕན་ཡོན་མེད་ཅེས་བཤད་མི་ཐུབ་ཀྱང་བོད་མིའི་དད་པ་འཇོག་སྟངས་འདིའི་གང་ལ་ཡང་སླེབས་ཀྱིན་མེད། ད་དུང་ལ་ལས་བརྐྱངས་ཕྱག་འཚལ་ཞིང་ལོ་ནས་ལོ་མཐུད་དེ་མགོ་བོས་ས་བརྡུངས་ཏེ་ལྷ་སའི་བར་དུ་འགྲོ་ཞིང་དེ་ལ་བརྟེན་ནས་ཚེ་འདི་ཕྱིའི་དོན་ཆེན་ཞིག་འགྲུབ་མདོག་སྟོན་པ་འདི་ཚོར་ཡང་ལེགས་པར་བརྟག་ན་དེ་ཙམ་ཡིད་སྨོན་ཤོར་འོས་པའི་ཆོས་བསྒྲུབ་སྟངས་ཤིག་མ་རེད་སྙམ། དཀའ་བ་སྤྱད་པ་དེ་ཡང་ཀུན་སློང་དང་ངེས་ཤེས་ཡང་དག་ཅིག་གིས་མ་ཟིན་ན་ཕྱི་རོལ་པའི་དཀའ་ཐུབ་ལས་ཀྱང་ཞན། ཕྱི་རོལ་པས་དཀའ་ཐུབ་སྤྱོད་པ་ལ་དེའི་ཚོད་ཀྱིས་དངོས་གྲུབ་བསྒྲུབ་སྟངས་ཀྱི་མན་ངག་ཅིག་ཡོད་ཀྱང་བོད་མིས་ནི་ལྷ་ས་མཇལ་ཆེད་དུ་རྔུལ་ནག་ཅི་ཙམ་མང་པོ་ཞིག་བཞུར་བ་དེ་ཙམ་་གྱི་བྱིན་རླབས་མོད་པོ་ཞིག་འབྱུང་སྙམ་པ་ལས་གང་ཡང་མེད། ལྷ་ས་འདི་ཆོས་རྒྱལ་སྲོང་བཙན་སོགས་ཀྱི་སྐབས་ནས་བོད་ཀྱི་རྒྱལ་ས་ཡིན་པ་དང་། བོད་ཆོས་སྲིད་གཉིས་ཀྱི་མངའ་བདག་༸གོང་ས་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་པའི་བཞུགས་གནས་གཙོ་བོ། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དང་གདན་ས་སེ་འབྲས་དགའ་གསུམ་སོགས་ཆགས་ཡོད་སྟབས་བྱིན་རླབས་དང་དངོས་གྲུབ་གཞན་ལས་མྱུར་བའི་སྒྲུབ་གནས་ཁྱད་པར་ཅན་ཞིག་ཀྱང་ལོས་ཡིན། འོན་ཀྱང་བཀྲ་མི་ཤིས་པ་འབྱུང་ས་ཞིག་གི་ངོས་ནས་བསམ་ན་ལྷ་ས་འདི་ལས་ལྷག་པའི་བཀྲ་མི་ཤིས་པ་མང་དུ་བྱུང་སའི་ཡུལ་ལྗོངས་ཤིག་བོད་སྟོད་སྨད་བར་གསུམ་གང་ན་ཡང་མེད་པ་ལྟ་བུར་འདུག དཔེར་ན་གཙང་སོག་ཀྱི་དམག་འཁྲུགས་དང་། བོད་རྒྱའི་དམག་འཁྲུགས་རིམ་བྱུང་། དེ་མཚུངས་ཕྱི་དགྲ་དང་ནང་འཁྲུག་བྱུང་བའི་ལོ་རྒྱུས་དེ་ཚོ་བྐླགས་ན་ལྷ་ས་ནི་དམྱལ་བའི་ཟངས་ཁང་ལྟ་བུ་ཞིག་ཏུ་གྲུབ་འདུག་པས་ལྟ་སྐོར་ལ་འགྲོ་བའི་རིན་ཐང་ཡོད་ཀྱང་མཇལ་སྐོར་འགྲོ་ཡུལ་ཞིག་མིན་པ་འདྲ། ནང་པ་སངས་རྒྱས་པའི་ཆོས་འདི་ནང་སེམས་ཀྱི་ཡར་རྒྱས་ལ་གཙོ་བོར་འཛིན་པའི་ཆོས་ལུགས་ཤིག་ཡིན་པར་དངོས་གནས་ཡིད་ཆེས་ཡོད་ན་ཨི་ཟི་ལམ་པ་ཚོ་མེ་ཁ་ལ་རྡོ་གྲུ་བཞི་དེ་མཇལ་དུ་འགྲོ་བ་ལྟར་དུ་ཡོད་ཚད་བློས་གཏང་དགོས་ཀྱང་ཅི་མི་སྙམ་པར་ལྷ་སར་གནས་སྐོར་ལ་རྒྱུག་སྲོལ་འདི་འགོག་རན་འདུག
སྐར་ཆེན་། ཡོ་རོབ། ཁ་བརྡ་དྲ་དེབ་འདི་སྒོ་ཕྱེས་ནས་ཟླ་ངོ་འགའ་ཤས་མ་གཏོགས་ཕྱིན་མེད། ཟླ་ངོ་འགའ་ཤས་འདིའི་རིང་ལ་ཁ་བརྡའི་སྒང་ལ་རྩོམ་ཡིག་སྤེལ་མཁན་མང་། ཁ་བརྡའི་སྒང་གི་རྩོམ་ཡིག་ྐློག་མཁན་མང་། རྩོམ་ཡིག་སྤེལ་མཁན་དང་ྐློག་མཁན་གཉིས་ཀྱིས་ག་ལ་ཚད། མཆན་བུ་འདེབས་མཁན་དེ་ལས་མང་།་ འོན་ཀྱང་། མཚམས་རེར་མཆན་བུ་དག་བརྗོད་བྱའི་རྩོམ་གྱི་སྒང་ལ་མ་ཕྱིན་བར་མི་སྒེར་གྱི་སྒང་ལ་ཕྱིན་པས་ག་ལ་ཚད། མི་སྒེར་གྱི་མདུན་བརྒྱབ་བསྔོགས། མི་སྒེར་གྱི་མཚང་བྲིས། ད་དུང་དེས་ག་ལ་ཚད། མཚམས་མཚམས་སུ་བརྟག་དཔྱད་དང་ཞིབ་འཇུག་མེད་པར། བློ་བསྐྱེད་དང་གནས་ལུགས་མེད་པར། རང་གི་རྩ་བའི་བླ་མའི་སྐོར་ལ་ཡང་འདྲ་མི་འདྲ་གླེང་གི་ཡོད། གང་ལྟར། མཐའ་མར་ཅིག་འགྲིག་འགྲོ་གི་འདུག རྒྱུ་མཚན། ཁ་བརྡའི་སྒང་གི་རྩོམ་འབྲི་བ་མང་ཆེ་བ་ཉམས་མྱོང་ཡོད་མཁན། བསམ་བློ་ཐོངས་མཁན་། ཉེ་ཕུགས་མཐོང་མཁན་རྐྱང་ཡིན། དེར་བརྟེན། ད་ལྟར་བར་དུ་ཁ་བརྡའི་རྩོམ་འབྲིའི་ཐད་ལ་དཀའ་ངལ་དམིགས་འཕྲད་མེད་པའི་ཚོར་བ་ངེད་ལ་ཡོད། མ་འོངས་བར་ཡང་དཀའ་ངལ་དང་འགོག་རྐྱེན་མེད་པར་ཁ་བརྡའི་རླུང་རྟ་གོང་ནས་གོང་དུ་འཕེལ་བའི་སྨོན་ལམ་ཡོད། རེ་བ་ཡོད། ཕྱོགས་ཆུང་ས་ནས་བཤད་ན་ཁ་བརྡ་འདིས་ཁ་འཐོར་བའི་བོད་རིགས་རྩོམ་པ་པོ་ཚོར་རང་གི་ཚོར་བ་དང་བསམ་ཚུལ་གླེང་སའི་གླེང་སྟེགས་ཤིག་བསྐྲུན་སོང་། གླེང་སྟེགས་འདིས་རྩོམ་པ་པོ་རྣམས་ལ་རང་དབང་དང་ཐོབ་ཐང་གླེང་སའི་གོ་སྐབས་ཆེན་པོ་ཞིག་སྤྲད་སོང་། ད་ལྟ་བར་དུ་ཁྱེད་ཀྱིས་གླེང་མ་ཐུབ་པ་མང་པོ་ཞིག་ཁ་བརྡ་བརྒྱུད་གླེང་སོང་ལ་ངས་ཀྱང་བཤད་མ་ཐུབ་པ་མང་པོ་ཞིག་ཁ་བརྡ་བརྒྱུད་ནས་བཤད། ཐ་ན་ཁྱེད་གང་ལ་འགྲོ་དང་ཁྱེད་ལ་ལས་ཀ་ཅི་ཡོད་སོགས་ཀྱང་ཁ་བརྡ་བརྒྱུད་དང་གླེང་ཐུབ་སོང་། འདི་ནི་ཁ་བརྡ་རང་དབང་ལུང་བའི་སྐྱེས་བའི་གཟི་བརྗིད་རེད། ཁ་བརྡ་རང་དབང་ལུང་བར་འཁྲུངས་བའི་རྟེན་འབྲེལ་ཀྱང་རེད། གལ་སྲིད་ཁ་བརྡ་འདི་ཇ་འཐུང་སའི་ཇ་ཁང་ཡིན་པའི་ཆ་བཞག་ན། ཇ་ཁང་འདི་ཉིན་མ་རྟག་པར་ཇ་འཐུང་མཁན་གྱི་འགྲུལ་བས་ཁེངས་ནས་ཡོད། ཇ་ཁང་འདི་རྟག་པར་འགྲུལ་བ་འདྲ་མིན་ཐུག་སའི་དཀྱིལ་འཁོར་སྟབས་བདེ་ཞིག་ཀྱང་ཡིན། ཇ་ཁང་འདིར་ཡོང་བའི་འགྲུལ་བ་ཚོ་ཡང་ཕྱོགས་ཁག་འདྲ་མིན་ནས་ཡིན་ལ་ཁོང་ཚོར་གནས་ཚུལ་ཡང་འདྲ་མིན་བཤད་རྒྱུ་ཡོད། མཚམས་རེར་འགྲུལ་བ་ཚོའི་བར་ལ་ཁ་རྩོད་ཤོར། གཅིག་གིས་གཅིག་ལ་མིག་ལོག་རྒྱག་རེས་བྱས། འོན་ཀྱང་། འགྲུལ་བ་འདི་ཚོར་ཡོན་ཏན་ཞིག་ཡོད་པ་ནི་འགྲུལ་བ་འདི་ཚོ་ནམ་ཡང་འཁྲུག་འཛིང་མི་བྱེད། འདི་ནི་ཇ་ཁང་འདིའི་དྲོལ་ཁོལ་ཡིན་ལ་འགྲུལ་བ་ཚོའི་ཡོན་ཏན་ཡང་ཡིན། གལ་སྲིད་ཁ་བརྡ་འདི་བུད་མེད་ཞིག་ཡིན་པའི་དབང་དུ་བཏང་ན། བུད་མེད་འདིའི་གདོང་ལ་བལྟ་མཁན་ཉིན་རེ་ནས་ཉིན་རེར་ཇེ་མང་ནས་ཇེ་མང་ཡིན། བུད་མེད་འདིའི་ཁང་བའི་སྒོ་རྡུང་མཁན་ཡང་ད་ལྟ་བར་དུ་ཆད་མྱོང་མེད། སྒོ་རྡུང་མཁན་ཡང་ཉིན་མཚན་གཉིས་ལ་ཡོད། ད་དུང་ཉིན་མོ་ལས་མཚན་མོར་མང་། བུད་མེད་འདི་ལ་ཡང་བདག་པོ་གཅིན་མིན། བདག་པོ་ཁ་ཤས་ཡོད། བདག་པོ་ཚང་མ་བུད་མེད་འདིའི་མཛེས་སྡུག་གཅེས་སྐྱོང་གནང་མཁན་ཡིན། འདི་ནི་ཆུང་ས་ནས་བཤད་ན་ཁ་བརྡས་ངེད་ཀྱི་སེམས་ལ་བཞག་པའི་ཚོར་བ་ཡིན།
མགོ་ལོག་འཇིགས་མེད་བློ་གྲོས་རིན་པོ་ཆེ།
ཤ་རུས་གདུང་རྒྱུད་གཅིག་པའི་བོད་རིགས་སྤུན་ཟླ་ཡོངས་ལ་ནང་གཏམ་ཞུ་རྒྱུར།
སྤྱིར་བཏང་ལོ་གསར་ནི་འཛམ་བུ་གླིང་གི་རྒྱལ་ཁབ་ཐམས་ཅད་ལ་དར་ཞིང༌། ལོ་རེའི་ནང་གི་དགའ་སྐྱིད་ཀྱི་དུས་སྟོན་ཆེ་ཤོས་ཡིན་པར་མ་ཟད། རང་རེ་གླུ་གར་དང་སྤྲོ་སྐྱིད་ལ་རོལ་རྒྱུར་དགའ་བའི་བོད་མི་རིགས་འདིས་དམིགས་བསལ་གྱིས་དགའ་ཞེན་བྱེད་ས་དང༌། ལོ་རེའི་ནང་གི་རེ་སྒུག་ཆེས་ཆེ་ཤོས་ཀྱི་དགའ་སྟོན་དུས་ཆེན་ཞིག་ཀྱང་ཡིན། འོན་ཀྱང་མི་གཅིག་གི་མི་ཚེའི་ནང་གནམ་ལོ་གསར་དུ་ཚེས་ཚད་ལ་ལོ་གསར་གཏོང་གི་ཡོད་དམ་ཟེར་ན་མེད་དེ། ཕ་མ་སྤུན་མཆེད་སོགས་རང་གི་ནང་མི་གྲོངས་པ་དང༌། ཉེ་འབྲེལ་དང་གྲོགས་པོ་ཁྱིམ་མཚེས་རྣམས་ཀྱི་ནང་མི་གྲོངས་ན་ཡང་ལོ་གསར་བྱེད་ཀྱི་མེད། སྤྱིར་བཤད་ན་༡༩༥༩ལོར་བོད་ས་རྒྱ་ལག་ཏུ་ཤོར་བ་དང༌། བོད་མིའི་འདི་ཕྱིའི་སྐྱབས་མགོན་ས་མཐར་ཕེབས་དགོས་བྱུང་བ་ནས་བཟུང༌། བོད་གཞིས་བྱེས་ལྷན་འཛོམས་ཀྱི་ཉི་མ་མ་ཤར་བར་དུ་བོད་མི་རྣམས་ཀྱིས་ལོ་གསར་གཏོང་གི་མེད་ན། འཛམ་གླིང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མིག་མདུན་དུ་བོད་མི་རིགས་ཀྱིས་མྱོང་དང་མྱང་བཞིན་པའི་སྡུག་བསྔལ་གྱི་རྣམ་པ་ཕྱི་ལོགས་སུ་སྟོན་པའི་ཐབས་ལམ་ཡག་ཤོས་ཤིག་ཡིན་ངེས་མོད། དེ་ལྟར་མ་བྱུང་བར་མ་ཟད་བྱེས་བཞུགས་བོད་མི་ཚོས་དགོན་པ་དང་དགོན་པའི་བར། སློབ་གྲྭ་དང་སློབ་གྲྭའི་བར། སྐྱིད་སྡུག་ཚོགས་པ་དང་སྐྱིད་སྡུག་ཚོགས་པའི་བར་འགྲན་བསྡུར་ལྟ་བུ་བྱས་ནས་ལོ་གསར་དང༌། ལོ་གསར་མ་ཡིན་པའི་སྤྲོ་སྐྱིད་སྣ་ཚོགས་གཏོང་གི་ཡོད་པ་འདི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མིག་ལ་དེ་ཙམ་འཕྲོད་ཀྱི་མེད། དེ་བས་ཀྱང་འདི་ལོར་ནི་བོད་པའི་དམིགས་བསལ་གྱི་ཁྲག་དང་མིག་ཆུའི་ལོ་ཟླ་ཞིག་ཡིན་པས་བོད་མི་རྣམས་ལ་རྒྱས་སྤྲོས་ཀྱི་ལོ་གསར་དང༌། གླུ་ལེན་བྲོ་འཁྲབ་བྱེད་རྒྱུའི་ཡི་ག་དང་འོས་བབས་ག་ལ་ཡོད།
ཕྱོགས་གཅིག་ནས་འདི་ལོར་བོད་ཀྱི་རྒྱལ་དོན་དུ་གྲོངས་པའི་རྒྱལ་གཅེས་དཔའ་བོ་རྣམས་སྐུ་གཤེགས་ནས་ལོ་ཁ་གང་མེད་ཅིང༌། ཁྱོ་ག་དང་ཕ་རྒན་གྱི་གཅེས་སྲོག་བོད་ཀྱི་རྒྱལ་དོན་དུ་ཤོར་བའི་ཡུགས་མོ་དང་དྭ་ཕྲུག་རྣམས་ཀྱི་མཆི་མ་ད་དུང་སྐམ་མེད་པས། ང་ཚོ་ལ་དགོད་སྒྲ་ལྷང་ལྷང་གིས་ལོ་གསར་བྱ་རྒྱུའི་ཡི་ག་དང་འོས་བབས་མེད། བོད་ཀྱི་རྒྱལ་དོན་དུ་གཅེས་སྲོག་ཤོར་མཁན་གྱི་ཤུལ་བཞུགས་ནང་མི་ཚོས་འདི་ལོར་ལོ་གསར་བྱེད་ཀྱི་ཡོད་དམ། གལ་ཏེ་མེད་ན་ང་ཚོས་ཀྱང་ཁོང་རྣམས་དང་གདུང་སེམས་མཉམ་བསྐྱེད་བྱེད་དགོས་པ་ལས་ལོ་གསར་གཏན་ནས་བྱེད་རྒྱུ་མེད།
སྐར་ཆེན། ཡོ་རོབ། ཁ་བརྡ་དྲ་དེབ་འདི་མཚམས་རེར་མི་སྒེར་གྱི་སྐྱིད་སྡུག་གླེང་ས་ཞིག་བྱེད་ཀྱི་འདུག ང་ལ་ཡང་ལ་གཏམ་རྒྱུད་ཞིག་ཡོད། ད་ལོའི་དབྱར་ཁའི་གུང་གསེང་ལ༌། ང་རྒྱ་གར་དུ་་ཕྱིན༌། ངས་ཀྱང་རང་གི་སྐྱབས་བཅོལ་ལག་དེབ་སེར་པོ་དེ་འཁྱེར་ནས་གནམ་ཐང་ལ་འཛུལ། གནམ་ཐང་དུ་བོད་མི་སྐྱབས་བཅོལ་བའི་ལག་དེབ་སེར་པོ་འདིར་དཀའ་ངལ་འཕྲད་པ་ནི་སྤྱིར་བཏང་གི་གནས་ཚུལ་ཞིག་ཡིན། ང་ལ་ཡང་དཀའ་ངལ་འདི་གཅིག་མཚུངས་སུ་འཕྲད་བཞིན་ཡོད། དཀའ་ངལ་འཕྲད་ཐེངས་རེར་ངེད་ཀྱི་སེམས་ལ་རྨ་ཞིག་བཟོ་གི་འདུག དེ་ནི་ང་ལ་རང་དབང་རང་བཙན་གྱི་རྒྱལ་ཁབ་ཞིག་མེད་པ་དེ་རེད། ངེད་ཀྱི་སེམས་སུ་གནམ་ཐང་དུ་རང་ལ་འགྲོ་བ་གཞན་རྣམས་དང་མཚུངས་བའི་ཐོབ་ཐང་དེ་མེད་པའི་ཚོར་བ་ཤུགས་ཆེར་འབྱུང་གི་འདུག ངས་རང་གི་གྲོགས་པོ་ཚོ་ལ་ཡང་དཀའ་ངལ་འདི་ཡང་ཡང་གླེང་བར་འཁེལ་གྱི་འདུག གྲོགས་པོ་ལ་ལས་རྒྱལ་ཁབ་གཞན་གྱི་མི་སེར་ཞིག་ཆགས་རྒྱུ་གལ་ཆེན་པོ་རེད་ཟེར། ངེད་ལ་དྲན་ཚུལ་འདི་འདྲ་ལོས་ཡོད། འོན་ཀྱང༌། ངེད་ཀྱི་སེམས་སུ། རྒྱལ་ཁབ་གཞན་ཞིག་གི་མི་སེར་ཆགས་རྒྱུར་འབད་དགོས་སམ་ཡང་ན་བོད་ལ་རང་དབང་ཞིག་ཤར་ནས་བོད་རང་གི་མི་སེར་ལག་འཁྱེར་ཞིག་ཐོབ་རྒྱུར་འབད་དགོས་སམ། ངེད་ལ་བོད་རང་གི་མི་སེར་ལག་འཁྱེར་ཞིག་དགོས་རྒྱུའི་རྨི་ལམ་ཤུགས་ཆེར་ཡོད། ད་ལོར་ངེད་ཀྱི་དབྱར་ཁའི་གུང་གསེང་དེ་རྡ་ལམ་ས་ལར་གྲོགས་པོ་ཚོའི་མཉམ་དུ་བཏང༌། གུང་གསེང་རྗོགས་རྗེས་ཕྱིར་རྡིའ་ལཱིའི་གནམ་ཐང་ལ་སླེབས། ངེད་ཀྱི་གནམ་གྲུ་དེ་མཚན་གྱི་ཆུ་ཚོད་བཅུ་གཉིས་ལ་གནམ་ཐང་ནས་ཁ་བྲལ་གྱི་ཡོད། ང་ཆུ་ཚོད་བཅུ་དང་ཕྱེད་ཀའི་ཐོག་གནམ་ཐང་འབྱོར། འོན་ཀྱང༌། སྟབས་ཉེས་བ་ཞིག་ལ་ཐེངས་འདིར་ངེད་ཀྱི་ལག་འཁྱེར་ལ་དཀའ་ངལ་གཞན་ཞིག་འཕྲད་བྱུང༌། དེ་ནི་ཆུ་ཚོད་གཅིག་གཉིས་ཀྱི་བཀག་འགོག་དེ་རེད་མི་འདུག ལག་འཁྱེར་ལ་ཞིབ་བཤེར་བྱེད་མཁན་དེས་ངེད་ཀྱི་ལག་འཁྱེར་ལ་ངོས་ལེན་མེད་ཟེར། ཁོང་ཚོའི་རྒྱལ་ཁབ་ཀྱིས་ངེད་ཀྱི་སྐྱབས་བཅོལ་བའི་ལག་འཁྱེར་སེར་པོ་འདིར་ངོས་ལེན་མེད་ཟེར། འདི་ངོ་མ་ཡིན་ནམ། ངེད་རང་ལ་ཅུང་ཙམ་ཡིད་མི་ཆེས་བར་གྱུར༌། ཐེངས་སྔོན་མའི་འགྲུལ་བཞུད་ཀྱི་སྐབས་སུ་ལག་འཁྱེར་ལ་ངོས་ལེན་མེད་ཟེར་བ་གོ་ཐོས་མ་བྱུང༌། དེ་རིང་ཅི་ཞིག་བྱུང་བ་ཡིན་ནམ། འདི་ཚོས་ང་ལ་མཐོང་ཆུང་བྱེད་ཀྱི་ཡོད་པ་མ་རེད་དམ། ངའི་ལག་འཁྱེར་ལས་ང་སྐྱབས་བཅོལ་བ་ཡིན་པ་ཤེས་ཙང་འདི་ཚོས་ཏན་ཏན་ང་ལ་མཐོང་ཆུང་བྱེད་ཀྱི་ཡོད་པ་རེད། ངའི་སེམས་ལ་འདི་འདྲ་ཞིག་དྲན། དེ་ནས་ངས་ཁོང་ཚོའི་འགྲུལ་བཞུད་ལས་ཁུངས་ལ་འབྲེལ་བ་བྱས། ཁོང་ཚོས་ང་ལན་གཅིག་མཚུངས་སུ་གསུང་གི་འདུག ངེད་ཀྱི་སེམས་ལ་ཡང་ཐབས་ཤེས་མེད་པ་ཧ་གོ། ད་ཅི་ཞིག་བྱེད་དགོས་སམ། ངེད་ཀྱི་སེམས་ལ་རང་གི་སློབ་གྲ་དྲན། དེ་ནས་སློབ་གྲར་འབྲེལ་བ་བྱས་ཏེ་ངེད་ཀྱི་དཀའ་ངལ་བཤད་པ་ཡིན། སློབ་གྲ་དྲིན་ཆེན་པོ་དེས་ངེད་ལ་དགོངས་དག་ཟེར་བཞིན་གནམ་གྲུའི་སྤ་སེ་གཞན་ཞིག་དྲ་རྒྱ་བརྒྱུད་ནས་བཏང་སོང༌། གང་ལྟར། མཐར་མར་ཕྱིར་སློབ་གྲར་ཡོང་ཐུབ་སོང༌། འོན་ཀྱང༌། རང་ཉིད་སྐྱབས་བཅོལ་བ་ཞིག་ཡིན་པའི་ཚོར་བ་ལྗིད་ཏིག་གེར་འདུག གནམ་ཐང་ན། ང་དང་ང་འདྲ་བའི་སྐྱབས་བཅོལ་བ་ཚོར་དཀའ་ངལ་འདི་གཅིག་མཚུངས་སུ་འཕྲད་ཀྱི་ཡོད་པའི་ཚོར་བ་བྱུང༌།
སྤོབས་པ་མཐའ་ཡས། པེ་ཅིང་དུ་ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༡༠ ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ལས་ཁང་གིས་གོ་སྒྲིག་ཞུས་པའི་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གི་རྒྱུན་ལས་བློན་ཆེན་གཞོན་པ་ཀྲུའུ་ཝེ་ཆོན་གྱིས་ཏིང་ཤོའི་ཕིང་གིས་བོད་རང་བཙན་མིན་པའི་གནད་དོན་གང་ཡིན་ཡང་གླེང་ཆོག་ཅེས་པ་དེ་བདེན་པ་མ་རེད་ཅེས་ལབ་པ་རེད་ཟེར། ན་ཚ་དེ་ལ་བརྟེན་ནས་རྒྱ་ལོ་དོན་གྲུབ་དང་འཇུ་ཆེན་ཐུབ་བསྟན་གཉིས་ཀྱི་གསར་འགོད་གསལ་བསྒྲགས་བསྐྱངས་ཚུལ་ཞིག་བོད་གཞུང་གི་དྲྭ་རྒྱའི་ཐོག་ཏུ་བཀོད་འདུག ཀྲུའུ་ཝེ་ཆོན་གྱིས་དེ་ནི་རྒྱ་རི་བློ་གྲོས་ཀྱིས་ཏིང་ཞོའོ་ཕིང་གི་བཀའ་མོལ་ལ་འཁྱོགས་བཤད་ཚབ་ཆེན་ཡིན་ལུགས་ཀྱང་བཤད་ཡོད་རེད་ཟེར། དངོས་གནས་བྱས་ན་ཏིང་ཤོའི་ཕིང་གིས་སྐད་ཆ་དེ་འདྲ་ལབ་བྱུང་ཟེར་མཁན་དེ་རྒྱ་ལོ་དོན་གྲུབ་ཡིན་སྟབས་རྫུན་བཤད་པ་ཡིན་ན་བཤད་མཁན་དེ་རྒྱལ་ལོ་དོན་གྲུབ་རེད་མ་གཏོགས་རྒྱ་རི་བློ་གྲོས་མ་རེད། ཉེ་ཆར་སྐུ་ངོ་རྣམ་པ་གཉིས་ཀྱིས་རྡ་རམ་ས་ལར་གསར་འགོད་གསལ་བསྒྲགས་སྐྱོང་དགོས་དོན་དེ་ཡང་ཏིང་ཤོའི་ཕིང་གིས་དེ་ལྟར་བཤད་མྱོང་བའི་ཨུ་ཚུགས་ཙམ་ཞིག་རེད་འདུག འཇུ་ཆེན་ཐུབ་བསྟན་ལ་མཚོན་ན་ཕྱི་ལོ་ ༡༩༨༢ ཟླ་ ༤ ཚེས་ ༢༩ ཉིན་སྐབས་དེའི་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁང་དང་མི་རིགས་ལས་དོན་ལྷན་ཁང་གི་གཙོ་འཛིན་གཅིག་ལྕོགས་ཡིན་པ་སྲིད་བློན་གཞོན་པ་དབྱང་ཅི་རེང་སོགས་དང་ཐུག་འཕྲད་བྱེད་མྱོང་ཞིང་། དེ་སྐབས་ཁོང་གིས་དབྱང་ཅི་རེང་ལ་ཏེང་ཞའོ་ཕིང་གིས་དེ་ལྟར་གསུངས་མིན་ར་སྤྲོད་བྱས་པར་ཁོང་གིས་དེ་ལྟར་གསུངས་ཡོད་མ་རེད་ཅེས་གསུངས་མ་བྱུང་ཞེས་པ་ཙམ་རེད་འདུག། མདོར་ན་འཇུ་ཆེན་གྱིས་རྒྱུ་མཚན་དེ་ཙམ་ལ་བརྟེན་ནས་རྒྱལ་ལོ་དོན་གྲུབ་ཀྱི་སྐུབ་འགེབས་ཐབས་ཙམ་རེད། དགོང་དག སྤྱིར་ན་ང་ཚོའི་སྐུ་ངོ་འདིས་ལྐུག་པའི་བྱེད་ཐབས་འདི་འདྲ་བྱས་འདུག གལ་སྲིད་ཏིང་ཤོའི་ཕིང་གིས་དངོས་གནས་དེ་ལྟར་བཤད་ཡོད་ན་དེ་ཡིག་ཐོག་ནས་གསལ་བསྒྲགས་ཡོང་ཐབས་ཙམ་ཡང་མི་བྱེད་པར་སྙན་ནས་སྙན་དུ་ཤུབ་བུར་བརྒྱུད་དེ་འཇོག་དགོས་དོན་གང་ཡིན་ནམ། དངུལ་སྒོར་གཅིག་གི་གོང་རྩ་ཙམ་གྱི་ཚོང་ཞིག་ཡིན་ན་ཡང་འབྱོར་འཛིན་ཡི་གེ་ཐེལ་ཙེ་དང་བཅས་པ་དགོས་ན་རྒྱལ་ཁབ་བར་གྱི་གྲོས་མོལ་གནད་དོན་དེ་འདི་ལྟ་བུ་ཞིག་ཏུ་འཇོག་དགོས་དོན་གང་ཡིན་ནམ། ཁར་སང་སྐར་ཆེན་གྱིས་རྒྱ་རི་བློ་གྲོས་རྒྱལ་མཚན་གྱི་སྐོར་ལ་དགག་བཞག་སྤོང་གསུམ་བྱེད་དགོས་གསུངས་འདུག་མོད་གལ་སྲིད་རང་དབང་གི་མགོ་བོ་གྱེན་དུ་བཏེགས་ཤིང་དྲང་བདེན་གྱི་སྐད་གསེངས་མཐོན་པོས་དགག་བཞག་སྤོང་གསུམ་བྱེད་ཕོད་མཁན་རེ་ཡོད་ན་འདི་ཚོའི་སྐོར་ལ་ཡང་དགག་བཞག་སྤོང་གསུམ་རེ་བྱེད་དགོས་པ་མིན་ནམ། སྤྱིར་བཏང་ང་ཚོའི་དབུ་མའི་ལམ་དང་ཞི་བའི་གྲོས་མོལ་སོགས་ཀྱི་འབྱུང་རྩ་ཡང་ཕར་གཏུག་ན་ཏིང་ཤོའི་ཕིང་གི་གསལ་ལ་མི་གསལ་གྱི་སྐད་ཆ་འཁྱར་བོ་ཞིག་རྒྱལ་ལོ་དོན་གྲུབ་བརྒྱུད་ནས་རྡ་རམ་ས་ལར་སླེབས་པ་ཙམ་ལས་གཞན་མེད་པ་མིན་ནམ། གསལ་ལ་མི་གསལ་གྱི་སྐད་ཆ་འཁྱར་བོ་འདི་ལ་བརྟེན་ནས་རེ་བ་ཡོད་རེད་གསུངས་མཁན་རྒྱ་ལོ་དོན་གྲུབ་རེད་ལ་ད་ནི་རེ་བ་མི་འདུག་ལབ་མཁན་ཡང་རྒྱལ་ལོ་དོན་གྲུབ་རེད། ཐ་ན་གསལ་ལ་མི་གསལ་གྱི་སྐད་ཆ་འཁྱར་བོ་དེའི་རྫུན་དུ་འགྱུར་ལ་ཉེ་དུས་འཇུ་ཆེན་ཐུབ་བསྟན་གྲོགས་སུ་བཀུག་ནས་གསལ་འགོད་གསལ་བསྒྲགས་རེ་སྤེལ་ནས་ད་དུང་ཡང་སྐད་ཆ་གསལ་ལ་མི་གསལ་དེ་ལ་བརྟན་བཞུགས་ཕུལ་དགོས་པ་ཐབས་སྐྱོ་བོ་ཞིག་མ་རེད་དམ། http://www.tibet.net/tb/flash/2008/november/231108.html
རིག་ལྡན་རྒྱ་མཚོས། 2008 ལོའི་ཟླ་ 11 ཚེས་ 27 ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༩ དང་ཕྱེད་ཙམ་ནས་བཟུང་། རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་བྷོམ་བྷེ་རུ་འཇིགས་སྐུལ་རིང་པ་སྐོར་ཞིག་གིས། ས་གནས་འདྲ་མིན་ཁག་བཅུ་ཙམ་ནས་འབར་གས་གཏོར་བ་དང་། མེ་མདའ་བརྒྱབ་པ་སོགས་ཀྱིས་ཁྱོན་མི་གྲགས་༡༢༥ བསད། དེའི་ནང་དུ་ཕྱི་གླིང་པ་ ༦ དང་། རྒྱ་གར་ཉེན་རྟོག་མི་སྣ་༡༤ མི་མང་༡༠༥ རྐྱེན་ལམ་དུ་གྱུར་ཡོད། འཇིགས་སྐུལ་རིང་ལུགས་པ་ཚོས་དེ་སྔོན་རྒྱ་གར་སྲིད་གཞུང་གིས་འཛིན་བཟུང་བྱས་ཡོད་པའི་ཁ་ཆེའི་འཇིགས་སྐུལ་རིང་ལུགས་པ་དེ་ཚོ་ཀློད་དགོས་པའི་དགོས་འདུན་བཏོན་ཡོད། འཇིགས་སྐུལ་རིང་ལུགས་པ་དེ་ཚོ་ནི་མཚོ་ཐོག་ནས་སྒེར་གྱི་གྲུ་ཆུང་བརྒྱུད་ནས་རྒྱ་གར་གྱི་དཔལ་འབྱོར་ལྟེ་གནས་ཆེས་ཆེ་ཤོས་སུ་གྱུར་ཡོད་པའི་གྲོང་ཁྱེར་བྷོམ་བྷེ་རུ་ལྐོག་འཛུལ་བྱས་འདུག་པ་དང་། གོང་ཚེས་ཉིན་གཏོར་བཅོམ་དེ་དག་བྱས་རྗེས། གྲོང་ཁྱེར་དེར་སྐད་གྲགས་ཆེས་ཆེ་ཤོས་ཡིན་པའི་ཏྰ་ཇི་མགྲོན་ཁང་དང་། དེ་མིན་གྱི་མགྲོན་ཁང་ཆེན་པོ་གཉིས་བཅས་ཁྱོན་ས་གནས་གསུམ་ནས་བཙན་ས་བཟུང་པ་དང་། ཡུལ་མི་དང་མགྲོན་པོ་མང་པོ་གཏའ་མར་ཉར་ནས་ཕྱིར་རྒྱ་གར་ས་གནས་ཉེན་རྟོག་པ་དང་མེ་མདའ་བརྒྱབ་ནས་ད་བར་དུ་ཁྱོན་ཆུ་ཚོད་༥༠ ལྷག་ལ་འཐབ། ད་བར་དུ་འཇིགས་སྐུལ་བ་བརྒྱད་བསད་ཡོད་པ་དང་། གཅིག་ལ་རྨས་ལྕི་མོ་ཕོག་ནས་གསོན་བཟུང་བྱས་ཡོད། འཐབ་འཁྲུག་ད་དུང་བྱེད་བཞིན་ཡོད་པ་རེད། ཆེད་ལས་མཁས་པས་གསུངས་པ་ལྟར་ན། འཇིགས་སྐུལ་བ་ཚོ་ཝི་ཏི་ནྰམ་རྒྱལ་ཁབ་བརྒྱུད་ནས་ཡོང་བར་འདོད་པ་དང་། དེ་དག་ལས་རེ་ཟུང་གིས་ཨ་རི་དང་དབྱིན་ཡུལ་གྱི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་བཟུང་ཡོད་པ་རེད། གང་ལྟར། རྒྱ་གར་སྲིད་བློན་གྱིས་་་་འདི་ནི་ཕྱིའི་རྒྱལ་ཁབ་ཅིག་གི་ཆོ་འཕྲུལ་ཡིན་པར་་་བཤད་ཡོད། ད་ཆ་འཛམ་གླིང་ཁྱོན་ཡོངས་ནས་ཐེངས་འདིའི་རྒྱ་གར་གྱི་འཇིགས་སྐུལ་དོན་རྐྱེན་ཐད་དོ་སྣང་དང་སེམས་ཁུར་བྱེད་བཞིན་ཡོད་པ་དང་། ཚང་མས་འཇིགས་སྐུལ་བ་དེ་ཚོ་སྐབས་ཐོག་དེ་ནས་དམར་གསོད་བྱེད་དགོས་པར་བཤད་ཀྱིན་ཡོད། དོན་དངོས་སུ་ཡང་། འཇིགས་སྐུལ་གྱི་ལས་ཀ་འདིའི་རིགས་བྱེད་མཁན་ཚོ་རྒྱལ་སྤྱིའི་ཁྲིམས་ཐོག་ནས་དམར་གསོད་དང་སྡེབ་གསོད་བྱེད་ཆོག་པ་དང་། དེ་སྔོན་ཨུ་རུ་སུ་དམར་ཕྱོགས་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་གྲོང་བརྡལ་ཞིག་ལ་འཇིགས་སྐུལ་བའི་མིང་གཡོག་ནས་གྲོང་བརྡལ་ཧྲིལ་པོར་འབར་རྗས་གཡུག་ནས་སྡེབ་གསོད་བྱས་པ་རེད། འཇིགས་སྐུལ་རིང་ལུགས་པས་འཛམ་གླིང་ཁྱོན་ཡོངས་སུ་དཀའ་ངལ་མང་པོ་ཞིག་བཟོས་དང་བཟོ་བཞིན་པའི་དོན་དངོས་འདི་ལ་བརྟེན་ནས། རྒྱལ་སྤྱིའི་ཁྲིམས་ཐོག་ནས་ཐད་ཀར་དམར་གསོད་བྱེད་ཆོག་པ་རེད། དེ་བས་སྲིད་དབང་སྒེར་གཅོད་བྱེད་མཁན་གྱི་རྒྱལ་ཁབ་རེ་ཟུང་གིས་གོ་སྐབས་འདི་བཟུང་ནས། ཁོང་ཚོའི་ནག་ཉེས་ལ་ངོ་རྒོལ་བྱེད་མཁན་གྱི་མི་མང་ལ་དྲག་སྤྱོད་པ་དང་། འཇིགས་སྐུལ་བ་སོགས་ཀྱི་མིང་གཡོག་ནས་གསོད་ཐབས་བྱེད་བཞིན་ཡོད་པ་རེད། ཉེ་ཆར་ཐེ་ལན་ཌི་ནང་དུ་སྲིད་གཞུང་གི་ལྐོག་ཟ་རུལ་སུང་ལ་ངོ་རྒོལ་དང་། མང་གཙོའི་དགོས་འདུན་བཏོན་མཁན་གྱི་མི་མང་ལ་དེ་ལྟའི་མིང་ཤས་གཡོག་པ་དང་། གཡོ་ཐབས་སྣ་ཚོགས་ཀྱིས་མི་མང་རྣམས་དྲག་ལས་ཀྱི་ལོག་ལམ་དུ་སྐོར་ཐབས་བྱེད་ཀྱིན་པ་རེད། གང་ལྟར། ཐེངས་འདིའི་རྒྱ་གར་གྱི་འཇིགས་སྐུལ་དོན་རྐྱེན་གྱིས་འཛམ་གླིང་ཧྲིལ་པོར་འཇིགས་སྐུལ་རིང་ལུགས་པར་ལྟ་སྟངས་སྔར་ལས་ཐབས་སྡུག་ཅིག་བཟོས་ཡོད་པ་དང་། ཨ་རི་དང་དབྱིན་ཡུལ་གཙོ་བོར་གྱུར་བའི་ནུབ་ཕྱོགས་རྒྱལ་ཁབ་རྒྱལ་ཁབ་མང་པོས་འདི་དག་རྩ་མེད་དུ་བཟོ་ཕྱིར་དངོས་སུ་དམག་དཔུང་གི་རོགས་རམ་དགོས་ཀྱང་གཏོང་རྒྱུ་ཡིན་ཚུལ་བཤད་ཡོད།
དགེ་འདུན་གྱིས།
རང་ཉིད་ནི་ཆབ་སྲིད་ཀྱི་གོ་རྟོགས་མེད་མཁན་ཞིག་ཡིན་པའི་ཆ་ནས། “ང་ལྐུགས་པ་ཞིག་ཡིན་ནམ་” ཞེས་པའི་དྲི་བ་འདི་རང་ཉིད་ལ་དུས་རྒྱུན་ནས་བཏང་མྱོང་ལ། ཐེངས་འདིའི་ཚོགས་ཆེན་རྗེས་སུའང་དྲི་བ་འདི་གཏོང་བཞིན་ཡོད། ཚོགས་ཆེན་འདི་མ་འཚོགས་གོང་། བོད་རྒྱའི་བར་གྱི་གནས་སྟངས་འདི་ “ཨ་ཆད་འུ་ཐུག་ཏུ་གྱུར་འདུག ད་ཅི་བྱེད་”ཅེས་མི་མང་ལ་སྐད་ཆ་དྲིས་པ་རེད། མི་མང་གིས་ “མུ་མཐུད་ནས་དབུ་མའི་ལམ་ཡིན། ༧རྒྱལ་བ་རིན་པོ་ཆེའི་དགོངས་བཞེད་ལྟར་བྱེད་ཀྱི་ཡིན། དུས་བཀག་ནང་ཚུན་འབྲས་བུ་མ་བྱུང་ཚེ་རང་བཙན་གྱི་སྒོ་ཕྱེ་ཡོད།”ཅེས་ལན་བཏབ་པ་རེད། ངས་འདི་ལ་སྟབས་བདེའི་དཔེར་བརྗོད་ཅིག་འཇོག ཁྱིམ་ཚང་གཅིག་གི་པ་ཕས། “ད་ང་ཚོ་ལ་ཟ་ཆས་རྫོགས་འདུག ད་ཅི་བྱེད།”ཅེས་ཁྱིམ་མི་རྣམས་ལ་གོ་བསྡུར་བྱས་པ་རེད། ཁྱིམ་མི་ཚོ་ཛ་དྲག་གིས་འཚོགས་ནས། “ང་ཚོས་ མོག་མོག་ཟ་གི་ཡིན། གལ་སྲིད་མོག་མོག་དུས་ལྟར་མ་བྱུང་ན། ང་ཚོས་ཐུག་པ་འཐུང་གི་ཡིན།”ཞེས་ལན་བཏབ་པ་རེད། འདི་ “གྲུབ་འབྲས་ལྡན་པའི་”ཚོགས་འདུ་ཞིག་རེད་དམ། ངེད་ཀྱི་བསམ་ཚུལ་ལྟར་ན། ང་ཚོ་ལ་ཟ་ཆས་འཚོལ་བའི་ཐབས་ལམ་དགོས་ཀྱི་ཡོད་པ་རེད། “ངེད་ཀྱིས་གསེར་གྱི་མཛུབ་དཀྲིས་བཙོང་ནས་གྲོ་ཕྱེ་ཉོ་གི་ཡིན། ཁྱེད་ཀྱིས་ལས་ཀ་ཞིག་བྱས་ཏེ་ཤ་ཉོ་ཐབས་གྱིས། དེ་ནས་ང་ཚོས་ཐུག་པ་དང་ཡང་ན་མོག་མོག་གང་ཡིན་ཡང་བཟོ་ཆོག་གི་རེད།” འདི་འདྲའི་ཐབས་ལམ་ཞིག་གི་སྐོར་ལ་ཚོགས་ཆེན་གྱིས་གྲོས་མོལ་བྱེད་དགོས་པ་རེད། མ་རེད་དམ།
དབུ་མའི་ལམ་འདམ་རྒྱུ་ལ་ཚོགས་ཆེན་འཚོགས་དགོས་པ་ཨེ་ཡོད། དབུ་མའི་ལམ་གྱི་ཐབས་ལམ་ད་ཡོད་དེ་ཚོས་གྲུབ་འབྲས་འབྱིན་མ་ཐུབ་སྟབས། ཐབས་ལམ་གསར་པ་གང་ཡོད་དང་ཇི་ལྟར་ལག་ལེན་ལ་འདེབས་མིན་གྱི་སྐོར་ལ་ཚོགས་ཆེན་གྱིས་བསམ་ཚུལ་འདོན་དགོས་པ་རེད། རང་བཙན་འདམ་རྒྱུ་ལ་ཚོགས་ཆེན་འཚོགས་དགོས་པ་ཡོད་མ་རེད། རང་བཙན་སྒྲུབ་པའི་ལམ་ཁ་འདི་དང་དེ་ཞེས་ཚོགས་ཆེན་གྱིས་བགྲོ་གླེང་བྱེད་དགོས་པ་རེད། ངས་ཚོགས་ཆེན་གྱི་ཐོག་ནས་འདི་འདྲའི་སྐད་ཆ་བཤད་རབས་གོ་མ་བྱུང་།
ཨེ་ཤ་ཡ་རང་དབང་རླུང་འཕྲིན་གྱི་གསར་འགོད་པ་དཔལ་ལྡན་རྒྱལ་གྱིས་ཕྱོགས་སྒྲིག་བྱས་པའི་གནས་ཚུལ་ཡུ་ཊུབ་ནས་བཤུས་པ་ཡིན།
གཡག་ལྡོམ་གྱིས་ བཀའ་བློན་ཁྲི་བས་༼བོད་པར་མགོ་ལུས་གཉིས་ཀ་ཡོད་པ་གསལ་བོ་ཆགས་ཡོད།༽ཞེས་བའི་གཏན་བཤད་གནང་དེ་། ད་རིས་ཀྱི་དམིག་གསལ་ཚོགས་ཆེན་དེ་ཚོགས་དགོས་བའི་དམིག་ཡུལ་དང་། འབྲེལ་མོལ་ཐེངས་བརྒྱད་པའི་འཇུགས་འབྲས་གསལ་བཤད་བྱས་ཡོད་པས་། ཅིག་བྱས་ན་ད་རེས་དམིག་གསལ་ཚོགས་ཆེན་གྱི་ཚོགས་གཅར་བ་ལ་ལས་། རྡ་ཤོལ་གྱི་རླང་མཁོར་ནང་འཛུལ་ཞོར་དུ་། དེ་རིང་གསུང་པས་ཚོགས་ཆེན་ཚོགས་དགོས་པའི་དམིག་ཡུལ་དང་། ཁ་སང་བཤདཚར་བའི་རང་གི་བསམ་ཚུལ་གཉིས་གཅིག་དུ་ཁེལ་ཡོད་མེད་ལ་བསམ་བློ་མཁོར་བཞིན་ཕེབ་གི་ཡོད་སྲིད་། རང་སྲོག་འཕངས་མེད་དུ་ཕུལ་པའི་ལུས་ཡོད་ལ། སྟོང་གསུམ་གཟི་བྱིན་གྱི་གནོན་པས་མགོ་ཡོད་། དེ་འབྲེལ་འཐུད་ཀྱི་སྐེ་ཕྲ་བུ་ཞིག་ལས་མེད་པས་། དོན་དངོས་ནི་བོད་པར་མགོ་ལུས་གཉིས་ག་ཡོད་ཀྱང་སྐེ་མེད་། ཞེས་ཞུ་ན་ག་འདྲ་འདུག།
སྤོབས་པ་མཐའ་ཡས། དངུལ་གྱི་འཛའ་ཐང་དེ་རིང་ཞོགས་པར་དྲྭ་གྲོགས་སྟག་སྨྱོན་གྱིས་གསེར་གྱི་གོང་མར་ཆག་ཡོད་ཚུལ་ཞིག་གླེང་འདུག་པས་ངས་དངུལ་གྱི་འཛའ་ཐང་སྐོར་ཞིག་འདྲི་འདོད་བྱུང་། དེང་སང་རྒྱ་མིའི་མི་དམངས་ཤོག་སྒོར་འདི་འཛའ་ཐང་ཧ་ལས་པ་ཞིག་ཡར་འཕར་འདུག དེ་རྒྱ་ནག་རང་ཉིད་ལ་མཚོན་ན་ལེགས་ཉེས་གང་ཞིག་ཡིན་ནམ། དཔེར་ན། ཨ་མེ་རི་ཁའི་སྒྲོ་ལ་གཅིག་ལ་རྒྱ་སྒོར་༦ ༨༠ ཡས་མས་དང་། ཡུ་རོ་གཅིག་ལ་རྒྱ་ནག་སྒོར་མོ ༨ ༣༠ ཙམ། ཁ་ན་སྒྲའི་སྒྲོ་ལ་གཅིག་ལ་རྒྱ་ནག་ཤོག་སྒོར་ ༥ ༥༠ ཙམ། རྒྱ་ནག་ཤོག་སྒོར་གཅིག་ལ་ཐའེ་ཝན་སྒྲོ་ལ་ ༤ ༨༠ ཡས་མས། རྒྱ་ནག་སྒོར་མོ་གཅིག་ལ་རྒྱ་གར་སྒོར་མོ་ ༧ ༣༠ ཡས་མས། རྒྱ་སྒོར་གཅིག་ལ་ནེ་པ་ལའི་སྒོར་མོ་ ༡༡ ༥༠ ལྷག་ཙམ་དུ་གྱུར་འདུག སྔོན་མ་དང་བསྡུར་ན་ཧ་ལས་པའི་འཛའ་ཐང་ཡར་འཕར་བ་རེད། འདི་དཔལ་འབྱོར་གྱི་གནས་སྟངས་གང་ཞིག་ལ་བརྟེན་ནས་ཡོང་གི་ཡོད་པ་དང་དེའི་ལེགས་ཉེས་སྐོར་གསུངས་རོགས་དང་། དཔེར་ན་ནེ་པ་ལའི་སྒོར་མོ་ལྟ་བུར་མཚོན་ན་ད་ལོའི་སྤྱི་ཟླ་དང་པོའི་ནང་དུ་རྒྱ་ནག་ཤོག་སྒོར་གཅིག་ལ་ནེ་པ་ལའི་སྒོར་མོ་ ༨ ལྷག་ཙམ་རེད་མོད་ལ་ལྟ་ ༡༡ ལྷག་ཙམ་ལ་འཕར་སོང་། རྒྱ་གར་སྒོར་མོ་ལ་མཚོན་ན་ད་ལོ་སྤྱི་ཟླ་དང་པོའི་ནང་དུ་རྒྱ་ནག་ཤོག་སྒོར་གཅིག་ལ་རྒྱ་གར་སྒོར་མོ ༥ ལྷག་ཙམ་ཡིན་མོད་ད་ལྟ་ ༧ ལྷག་ཙམ་ལ་འཕར་འདུག ཡིན་ན་ཡང་ཨ་མེ་རི་ཁའི་སྒྲོ་ལར་གཅིག་ལ་རྒྱ་མིའི་སྒོར་མོ་བདུན་མ་ཟིན་ཙམ་དུ་གནས་བསྡད་འདུག མ་གཞི་དེང་སྐབས་འཛམ་གླིང་གང་སར་འཕྲད་བཞིན་པའི་དཀའ་ངལ་དེ་བཞིན་རྒྱ་ནག་ནང་དུ་ཡང་བཟའ་བཅའ་གཙོས་པའི་ཅ་དངོས་ཀྱི་གོང་ཚད་འཕར་ཚད་ཧ་ལས་པའི་མགྱོག་པ་ཞིག་ཡིན་པ་འདྲ་བས་ཁྱེད་ཚོས་དེའི་སྐོར་ཤེས་སོང་སམ། གནད་དོན་དེ་ལ་བརྟེན་ནས་བོད་ནང་གི་བོད་མི་ཚོར་མཚོན་ན་ཡོང་སྒོ་ཉུང་ཞིང་འགྲོ་སོང་ཆེ་སྟབས་འཚོ་བའི་གནས་སྟངས་ལ་དཀའ་ངལ་འཕྲད་རྒྱུ་རེད་དམ། བོད་མི་སྤྱི་བྱིངས་ལ་མཚོན་ན་ཡུན་ནན་བདེ་ཆེན་སོགས་ས་ཁུལ་ཁག་གཅིག་ལ་ཡུལ་སྐོར་བ་སྣེ་ལེན་གྱི་ཡོང་སྒོ་ཏོག་ཙམ་ཡོད་པ་དང་ཆབ་མདོ་དང་ལི་ཐང་སོགས་འབྲོག་ཁུལ་ཁ་ཤས་ལ་དབྱར་རྩྭ་དགུན་འབུའི་ཡོང་སྒོ་རེ་མ་གཏོགས་ཡོང་སྒོ་ནི་སྔོན་བཞིན་ཞིང་འབྲོག་གི་ཐོན་སྐྱེད་ཡོང་སྒོ་ཙམ་དང་ས་རྐོ་རྡོ་སློག་གི་ཉིན་གླ་དེ་ཙམ་ལས་དེ་མིན་དཔལ་འབྱོར་ཡར་རྒྱས་ཀྱི་མཛུབ་མོ་འཛུགས་ས་ཞིག་མེད་པ་འདྲ་བས་ཁྱེད་ཚོར་དེའི་སྐོར་ལ་ལྟ་སྟངས་གང་ཡོད་དམ། དཔལ་འབྱོར་གནས་སྟངས་སྐོར་ལ་དོ་སྣང་གནང་མཁན་རེ་ཡོད་ན་དེའི་སྐོར་ལ་ངོ་སྤྲོད་གསལ་པོ་ཞིག་གནང་རོགས།
ཉེས་མེད་བོད་མིར་བཙོན་འཇུག་ཁྲིམས་གཅོད།
སྟོང་ལོ་བརྒྱད་པའི་གཞིས་ལུས་བོད་མིའི་ཞི་རྒོལ་གྱེན་ལངས་ཁྲོད་འཛིན་བཟུང་བཙོན་འཇུག་བྱས་པའི་མདོ་སྨད་ཀན་ལྷོ་ཁུལ་ཀླུ་ཆུའི་ཤིས་ཚང་ཡུལ་གྱི་སྐྱ་སེར་བོད་མི་ཁག་ཅིག་ལ་ཚད་ལས་བརྒལ་བའི་ཁྲིམས་གཅོད་བྱས་པའི་ཁུངས་ལྡན་གནས་ཚུལ་ལྟར་ན། ཉིན་ཤས་སྔོན་སྤྱི་ཟླ ༡༡ ཚེས ༡༩ དང་ཧོར་ཟླ་༡༠ཚེས་༢༢ཉིན་མདོ་སྨད་གཙོས་གྲོང་ཁྱེར་དུ་བཙོན་འཇུག་བཀག་ཉར་བྱས་ཡོད་པའི་ཤིས་ཚང་སྒར་གསར་དགོན་པའི་གྲྭ་ཆོས་གྲགས་རྒྱ་མཚོ་དང་འཇམ་དབྱངས་བསྟན་པ། གཞན་ཤིས་ཚང་དཔོན་སྐོར་སྡེ་བའི་མི་སྐྱ་ཡུལ་མི་བོའུ་ཧྲི་དང་དར་རྒྱས་ཟེར་བ་བཅས་ཁོ་ཚོ་བཞི་ཀླུ་ཆུའི་རྫོང་ཐོག་ཏུ་ཁྲིད་ཡོང་ནས་ལོ་བརྒྱད་ནས་ལོ་གཉིས་དང་ཕྱེད་ཀའི་བར་གྱི་ཁྲིམས་ཐག་བཅད་ཡོད་པ་རེད། འདི་ནས་བོད་ལ་ཁ་པར་བརྒྱུད་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། གྲྭ་ཆོས་གྲགས་རྒྱ་མཚོར་ལོ་བརྒྱད་ཀྱི་བཙོན་འཇུག་ཁྲིམས་གཅོད་དང་། འཇམ་དབྱངས་བསྟན་པ་ལ་ལོ་བདུན། མི་སྐྱ་གཞན་གཉིས་ལ་ལོ་གཉིས་དང་ཕྱེད་ཀ་རེ་ཡི་ཁྲིམས་གཅོད་བྱས་འདུག་ཟེར་ལ། ད་ལྟ་ས་གནས་གང་དུ་བཙོན་འཇུག་བྱས་ཡོད་མེད་ཀྱི་གནས་ཚུལ་ཁ་གསལ་གང་ཡང་མི་འདུག
དེ་ལས་མང་བ་། “མདོ་སྨད་ཤིས་ཚང་གི་བོད་མིར་ཁྲིམས་གཅོད་བྱས་འདུག” »
དགེ་འདུན་རབ་གསལ་གྱིས།
(རྩོམ་འདི་ནི་བོད་ཀྱི་དུས་བབ་གསར་ཤོག་ཏུ་བཀོད་པ་ལས་ཟུར་འདོན་བྱས་པ་ཡིན།)
ཏྲེ་ཧོར་མེད་ན་ཀྲོག་ཀྲོག་མེད། ཅེས་དང་། ཡང་ཏྲེ་ཧོར་ཁམས་པའི་ཀྲོག་ཀྲོག་ཅེས་ང་ཚོའི་སྤྱི་ཚོགས་ནང་བཤད་སྲོལ་ཡོད་པ་རེད། འོན་ཀྱང་ངས་འདིར་བཤད་པ་ནི་ཀྲོག་ཀྲོག་གི་སྐོར་མིན། འདི་ནི་དངོས་བྱུང་གི་ལོ་རྒྱུས་ཤིག་སྟེ། ཁམས་ཤོར་དུས་དབུས་ལ་བྲོས་པ་དང་། དབུས་ཤོར་དུས་རྒྱ་གར་ལ་བྲོས་པ། ཕ་ཆུ་བཞི་སྒང་དྲུག་ནས་གློ་སྨོན་ཐང་དུ་སྤོས་པ་དང་། བུ་སློབ་གྲྭ་ནས་དམག་སྡེ་ཨང་ ༢༢ རྟགས་ཅན་དུ་ཞུགས་པ། མ་གསོན་བྲལ་ནས་ཕ་གསོན་བྲལ། ཕ་གསོན་བྲལ་ནས་སྤུན་གསོན་བྲལ་བཅས་འདུས་པའི་ཏྲེ་ཧོར་ཁམས་པའི་ལོ་རྒྱུས་ངོ་མ་ཞིག་ཡིན། ལོ་རྒྱུས་འདི་ནི་མི་སྒེར་པའི་ལོ་རྒྱུས་ཡིན་ལ་བོད་མི་སྤྱིའི་ལོ་རྒྱུས་ཤིག་ཀྱང་ཡིན།
རེས་གཟའ་སྤེན་པ་ཉིན་ངེད་ཨིན་ཌཱི་ཡཱ་ན་མངའ་སྡེའི་བྷི་ལིམ་མིན་ཊོན་ཁུལ་དུ་ཡོད་པའི་ཨ་མྱེས་ཚང་བོད་ཀྱི་ཟ་ཁང་ཟེར་བའི་ཟ་ཁང་དེར་ཕྱིན། དེ་ནི་ངེད་ཀྱིས་ཟ་ཁང་གི་བདག་པོ་ཨ་མྱེས་ཚང་ཐུབ་བསྟན་ལ་བཅར་འདྲི་འདི་བྱེད་རྒྱུའི་ཆེད་ཡིན། ཟ་ཁང་འདིའི་ཕྱི་རོལ་དུ་བོད་ཀྱི་གཡག་དང་འབྲིའི་རི་མོ་བྲིས་ཡོད་ལ། སྟེང་དུ་བོད་དང་ཨ་རིའི་དར་ཆ་འཕྱར་ཡོད། མཐའ་འཁོར་དུ་རླུང་རྟ་དང་དར་ལྕོག་འཐེན་པ་བཅས་དང་། ནང་དུ་བོད་ཟས་གཙོས་པའི་ཟས་རིགས་སྣ་ཚོགས་ཡོད། ཟ་ཁང་འདི་ནི་གྲོང་ཁྱེར་ནང་གྲགས་ཆེ་བའི་ཟ་ཁང་ཞིག་རེད། ངེད་ཀྱི་དྲི་བ་ནི་ཐུབ་བསྟན་ལགས་ཀྱི་ཁྱིམ་མི་ནས་མགོ་བཙུགས།
ད་ནི་ཁ་བརྡ་དྲ་དེབ་འདི་མགོ་བཙུགས་ནས་ཟླ་ངོ་བདུན་པའི་ནང་འགྲོ་གི་ཡོད། ཉིན་རེར་གཟིགས་མཁན་གྱི་གྲངས་འབོར་ཆ་སྙོམ་གྱིས་ཆིག་སྟོང་བརྒལ་བ་ཡོང་གི་ཡོད། བརྗོད་གཞི་ཡང་སྣ་མང་པོའི་ཐོག་བགྲོ་གླེང་བྱས་དང་བྱེད་བཞིན་པ་དེའི་ཁར། མཆན་བུ་མང་ཤོས་ལ་བརྒྱ་ཕྲག་བརྒལ་ནས་འགྲོ་གི་ཡོད། དེ་ནི་ང་ཚོ་ཁ་བརྡའི་ལས་བྱེད་པ་དང་ཁ་བརྡ་ལ་ཞུགས་མཁན་གྲོགས་པོ་ཚང་མས་འབད་བརྩོན་བྱས་པའི་གྲུབ་འབྲས་ཤིག་རེད། ཀློག་མཁན་དང་མཆན་འབྲི་མཁན་གྱི་རོགས་རམ་དང་རྒྱབ་གཉེར་མེད་ཚེ་ཁ་བརྡ་འདི་ནི་དེ་བས་ཉམ་ཆུང་བ་ཞིག་ལོས་ཡིན། གཤམ་གསལ་གྱི་རི་མོ་ནི་ཉིན་རེར་ཁ་བརྡ་ལ་གཟིགས་མཁན་ཅི་ཙམ་ཡོང་བའི་རྣམ་པ་དེ་ཡིན། དེ་ནས་སྔོན་མར་ཁ་བརྡས་ཕུལ་བའི་དྲན་གསོ་དེ་དག་སླར་ཡང་འབུལ་འདོད་བྱུང་། དྲ་གྲོགས་ཚང་མས་ང་ཚོའི་དྲན་སྐུལ་འདི་དག་ནི། སྨྲ་བརྗོད་རང་དབང་ཉམས་ལེན་བྱེད་པ་དང་ཆབས་གཅིག སྨྲ་བརྗོད་རང་དབང་གི་ཡ་རབས་གོམས་གཤིས་འཇགས་པ་དང་། སྤྱི་ཚོགས་ལ་འགན་འཁྱེར་བའི་ཆེད་དུ་སྨྲ་བརྗོད་རང་དབང་བེད་སྤྱོད་བྱེད་པ། སྤྱི་ཚོགས་ཀྱི་བློ་སྒོ་འབྱེད་པའི་ཆེད་དུ་སྨྲ་བརྗོད་རང་དབང་བེད་སྤྱོད་བྱེད་པ་བཅས་ཀྱི་ཆེད་དུ་དམིགས་ནས་བྲིས་པ་ཡིན་ལགས་ན། དེ་ལྟར་ཉམས་ལེན་བྱེད་པའི་རེ་འདུན་ཤུགས་དྲག་ཞུ། ———————————— ང་ཚོས་ཁ་བརྡ་བྱས་ནས་ཟླ་བ་བདུན་ཙམ་སོང་། ཟླ་གྲངས་ཉུང་ན་ཡང་རྩོམ་གྲངས་མང། དྲ་གྲོགས་མང་། མང་ན་ལོས་བཟང་སྟེ་སྤུས་ཀ་མཐོ་ན་དེ་ལས་བཟང་། ཁ་བརྡ་ལ་གྲངས་ཀ་འཕེལ་བ་དང་མཚུངས་སུ་སྤུས་ཀ་ཡང་འཕེལ་བཞིན་པ་འདི་ནི་ཧ་ཅང་དགའ་དགོས་པ་ཞིག་རེད། ཡིན་ན་ཡང་གཤམ་གྱི་དོན་ཚན་བཞི་ལ་ཡང་སྐྱར་དྲན་སྐུལ་ཞིག་གཏོང་བ་ལ་དགོངས་འགལ་མེད་པ་ཞུ། ཁ་བརྡ་དྲ་དེབ་ཀྱི་ཐོག་ལ་མི་སྒེར་བ་གང་རུང་གི་ཚེ་སྲོག་ལ་རྒོལ་བའི་གཏམ་ཀུ་རེའི་ཚུལ་དུ་ཡང་མ་སྤེལ་རོགས། དཔེར་ན་ གསོད་ཀྱི་ཡིན་ལྟ་བུ། གལ་སྲིད་སྤེལ་ན་དྲ་དེབ་དོ་དམ་པས་གསུབ་རྒྱུ་ཡིན་པ་ལ་དགོངས་འགལ་མེད་པ་ཞུ། དྲ་གྲོགས་ཕན་ཚུན་དང་། གླེང་མོལ་གྱི་བརྗོད་གཞིར་གྱུར་བའི་གང་ཟག་སུ་ལ་ཡང་སྐྱག་པ་ཟོ་ཟེར་བ་ལྟ་བུའི་ཚིག་རྩུབ་དང་ཚིག་བཙོག་མ་སྤྱོད་རོགས་གནང་། གང་ཟག་རེ་ཟུང་ལ་གཏམ་སྤྱོད་འདི་འདྲས་ཕོག་ཐུག་མི་འགྲོ་བ་བདེན་ན་ཡང་། གཏམ་རྗོད་ཀྱི་ཁོར་ཡུག་ཅིག་གི་ངོས་ནས་བཤད་ན་འདི་འདྲ་ནི་དོར་བྱ་ཞིག་ཡིན་པ་སྨོས་མེད་རེད། ཡིག་ནོར་འབྲི་མཁན་ལ་མ་སྤྱོ་རོགས། ཡིག་ནོར་ལ་སྤྱོ་ཐལ་ཤོར་ན་བསམ་བློ་གསར་པ་དང་གནས་ཚུལ་གསར་པ་སྤེལ་རྒྱུ་ཡོད་པ་ཁ་ཤས་ཀྱིས་ཡིག་ནོར་ཤོར་དོགས་ཀྱིས་ཁ་བརྡ་དྲ་དེབ་ལ་འཛུལ་མི་ཐུབ་པ་ཡང་ཡོང་སྲིད། ཡང་ཡིག་ནོར་སྐོར་ཞིག་ནི་འབྲི་མཁན་གྱིས་སྣང་མེད་བྱས་ནས་ཤོར་བ་མ་གཏོགས་མ་ཤེས་ཏེ་ཤོར་བ་མ་རེད། དེ་རྣམས་ལ་རྩོམ་ཡིག་བྲིས་ནས་མ་སྤེལ་སྔོན་ལ་སྐྱར་ཀློག་ཅིག་གནང་བའི་འབོད་སྐུལ་ཞུ་གི་ཡོད། ཁ་བརྡ་དྲ་དེབ་འདི་ད་དུང་གསར་པ་ཡིན། དེ་བས་སྤྱོད་མཁན་ཡོངས་ཀྱིས་དྲ་དེབ་འདི་གསལ་བསྒྲགས་དང་བརྒྱུད་བསྒྲགས་གནང་རོགས་ཞུ་བ་ཡིན། ཁ་བརྡའི་དམིགས་ཡུལ་དུ་འཁོད་པ་བཞིན་ཁ་བརྡ་འདི་ལ་བོད་མི་གཞིས་བྱེས་རྒན་གཞོན་ཕོ་མོ་དབྱེར་མེད་ཀྱིས་ཞུགས་ཐུབ་པར་སྨོན། ཁ་བརྡ་དྲ་དེབ་ཀྱིས་ ༢༠༠༨ ལོའི་ཟླ་ ༡༡ ཚེས་ ༢༣ ཉིན་ཕུལ།