མདའ་ཚན་པས་ཕྲན་གྱི་རྩོམ་ཐུང་ “འབྲེལ་སྒྲ་ཉམས་བཞིན་པ་ཡིན་ནམ།”ཞེས་པ་ལ་མཆན་གཉིས་བཏབ་འདུག་ཅིང་། དང་པོ་དེ་ནི་མཆན་བཅོ་བརྒྱད་པ་དེ་རེད། འདི་ལྟར། “རྩོམ་དང་མཆན་ཚང་མ་ཐེངས་ གཅིག་ཀློག་པ་ཡིན། ད་གསར་པ་ཅང་བཤད་རྒྱུ་མེད། ཁང་གསར་རྡོ་རྗེ་ལགས་ཀྱིས། རབ་གསལ་དང་སྟག་སྨྱོན་གཉིས་ཀྱི་ལོག་བཤད་ཀྱི་ལྕེ་བཅད་ནས་ཐང་ལ་གཡུག་འདུག་པར་ དཔའ་དར་ཡོད།”ཅེས་གསུངས་འདུག ང་དྲ་ཐོག་ལ་ཡོང་ནས་བསམ་ཚུལ་རེ་ཟུང་ཆད་མེད་དུ་སྤེལ་བཞིན་ཡོད་པ་ལ་རྒྱུ་མཚན་འགའ་ཡོད། འོན་ཀྱང་རྒྱུ་མཚན་དེ་དག་གི་ཁོངས་སུ་རྒྱལ་ཕམ་དང་ཐོབ་ཤོར་གྱི་བསམ་ཚུལ་ཞིག་ཁྱོན་ནས་མེད། ཕ་ཡུལ་ཤོར་ཚར་སོང་། ཕ་མ་དང་ཁ་བྲལ་སོང་། འཛམ་གླིང་གི་རྒྱལ་པོ་ཆགས་པའི་རེ་བའང་ང་ལ་མེད། དེ་བས་ང་འདིར་ཡོང་ནས་ཐོབ་ཤོར་རྩོད་དགོས་པའི་རྒྱུ་མཚན་གཏན་ནས་མེད། ཐོབ་སོང་ན་ལེན་རྒྱུ་ཞིག་ཀྱང་མེད་ལ། ཤོར་སོང་ན་འཆོར་རྒྱུ་ཞིག་ཀྱང་མི་འདུག སྐད་ཆ་འདི་དམངས་ཁྲོད་འདིར་བཤད་དགོས་དོན་ཡང་མི་འདུག་མོད། རྒྱལ་ཕམ་གྱི་གཡུལ་ས་ན་མེད་ཅེས་བཤད་ཕྱིར་འདི་མ་བྲིས་ཀ་མེད་ལྟ་བུ་ཞིག་ཆགས་སོང་། འདི་ནི་ཐོག་མའི་གསལ་བཤད་དོ༎
བཀའ་ཁྲིའི་འོས་འདེམས་སྐོར་གྱི་གློག་བརྙན།
འདིར་བཀའ་ཁྲིའི་འོས་འཕེན་ལ་གང་མགྱོགས་དེབ་སྐྱེལ་བྱེད་དགོས་པའི་སྐོར་གློག་བརྙན་ཞིག་ཡོད། གློག་བརྙན་བཟོ་མཁན་ནི་ཀེ་ན་ཌའི་མོན་ཋེ་རེལ་གནས་སྡོད་བཀྲ་ཤིས་དབང་རྒྱལ་དང་བདེ་སྐྱིད་འཚོ་མོ་གཉིས་དང་། འདིའི་ནང་གི་འཁྲབ་སྟོན་པ་ཚོ་ཡང་འདི་གར་འཚར་ལོངས་བྱུང་བའི་བོད་མི་ཁག་ཅིག་རེད། བཀྲ་ཤིས་དབང་རྒྱལ་ནི་རྒྱ་གར་དུ་འཚར་ལོངས་བྱུང་ཞིང་། བོད་ཁྱིམ་སློབ་གྲྭ་བརྒྱུད་དྷི་ལི་མཐོ་སློབ་ནས་མཐར་ཕྱིན་རྗེས་བོད་གཞུང་འཆར་འགོད་ལས་ཁུངས་སུ་ཕྱག་ལས་གནང་ཞིང་། ད་ལྟ་མོན་ཁྲེ་རེལ་ལ་བཞུགས། ཁོང་ནི་གློག་ཀླད་ལ་མཁས་ཤིང་ད་ལྟ་གློག་བརྙན་བཟོ་བའི་མགོ་བཙུགས་འདུག། ད་ཐེངས་བཀའ་ཁྲིའི་སྐོར་གྱི་གློག་བརྙན་འདི་ནི། ཁོང་རང་གི་ཁོམ་སྐབས་ཀྱི་དུས་ཚོད་སྤྱད་ནས་མ་སྐུལ་དྭངས་བླངས་སྒོ་ནས་གནང་འདུག་པར་བསྔག་བརྗོད་དང་རྗེས་སུ་ཡི་རང་ཡོད། བདེ་སྐྱིད་མཚོ་མོ་ནི་མོན་ཋེ་རེལ་དུ་འཚར་ཞིང་། བོད་དོན་ལ་སེམས་ཤུགས་ཆེ་ཞིང་ལས་འགུལ་ཆེ་ཆུང་ག་འདྲ་ཞིག་ཡིན་ནའང་རྟག་པར་མཉམ་ཞུགས་གནང་མཁན་ཞིག་དང་། བཀའ་བློན་ཁྲི་པའི་དྲ་གནས་ཀྱི་བཀོད་སྒྲིགས་གནང་མཁན་ཡང་ཡིན། མོ་དབྱིན་ཡིག་དང་ཧྥ་ཡིག་གཉིས་ལ་བྱང་ཆུབ་པ་མ་ཟད་ལྷ་སའི་སྐད་དང་། ཨམ་སྐད། རྒྱ་སྐད་ཀྱང་ལེགས་པོ་ཡོད་མཁན་གྱི་བོད་མོ་མཛངས་མ་ཀུན་གྱིས་མིག་དཔེ་བལྟ་འོས་པ་ཞིག་ཡིན།…
