རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཚོགས་པས་ ༢༠༡༠ ལོའི་ ཟླ་ ༧ ཚེས་ ༤ ནས་མགོ་འཛུགས་ཀྱིས་ རང་བཙན་གོམ་བགྲོད་བྱེད་བཞིན་ཡོད་པ་དང་། དེ་ཡང་ཨ་རིའི་ཕེ་ལེ་ཌེ་ཕེ་ཡ་ན་ཡོད་པའི་ རང་བཙན་ཁང་ཞེས་པ་ནས། རྒྱལ་ས་ཝ་ཤིན་ཊོན་གྱི་རྒྱ་ནག་གཞུང་ཚབ་ཁང་བར་དུ་རྒྱང་ཐག་ མེལ་ལེ་ ༡༥༠ ལ་བསྐྱོད་རྒྱུ་ཡིན་པ་དང་། ཟླ་ ༧ པའི་ཚེས་ ༡༣ ཉིན་གོམ་བགྲོད་མཇུག་སྒྲིལ་རྒྱུ་ཡིན་པ་རེད།
ཐེངས་འདིའི་རང་བཙན་གོམ་བགྲོད་དུ། བཀའ་ཟུར་ཞེ་བོ་བློ་བཟང་དར་རྒྱས་ལགས་དང་། སྐུ་ངོ་སྣར་སྐྱིད་ངག་དབང་དོན་གྲུབ། སྤྱི་ཟུར་དབང་ཕྱུག་རྡོ་རྗེ། ལྟག་མཚེར་རིན་པོ་ཆེའི་སྲས་ཆུང་བ་འཇིགས་མེད་ནོར་བུ་སོགས་ཞུགས་གནང་མཛད་ཡོད་ལ། མཚམས་རེར་བོད་མི་ ལྔ་རེ་དང་མཚམས་རེར་བཅུ་གྲངས་རེ་ཡོད། ལོ་ཆུང་ཤོས་དེ་བྱིས་པ་ལོ་བརྒྱད་ཅན་ཞིག་ཡིན། དེ་རིང་བར་དུ་མེལ་ལེ་ ༨༠ ཙམ་ལ་གོམ་བགྲོད་བྱས་ཟིན་པ་ཡིན།