ཁ་བརྡའི་ཁ་བརྡ།
- ཁ་བརྡ་སླེབས་ནས་ལོ་གཅིག་ལྷག་ཙམ་སོང་། དུས་ཡུན་འདིར་རྩོམ་ཡིག་ ༩༠༠ ཙམ་དང་། མཆན་ ༩༠༠༠ ཙམ་སྤེལ་ཡོད། ད་ལྟའི་ཆར་ཟླ་རེར་ཕེབས་མཁན་(Vistors)སྟོང་ཕྲག་བཅུ་གཅིག་སྐོར་དང་། ཤོག་ངོས་ཀློག་མཁན་(Pageviews) སྟོང་ཕྲག་སུམ་བཅུ་སོ་བཞི་ཙམ་རེ་ཡོང་གི་ཡོད། ཀློག་མཁན་གྱི་གྲངས་འབོར་འདི་དག་ཨ་མི་རི་ཀ་དང་། རྒྱ་གར། ཡུ་རོབ། རྒྱ་ནག་སོགས་འཛམ་གླིང་གི་རྒྱལ་ཁབ་གང་ས་ནས་ཡོང་གི་ཡོད། བརྗོད་གཞིའི་ཆ་ནས་ལོ་རྒྱུས་དང་ཆབ་སྲིད། སྐད་ཡིག གོམས་སྲོལ། རྩོམ་རིག གསོ་རིག གཞས་དང་ཞབས་བྲོ། ཟློས་གར་དང་གཏམ་བརྗོད། སྙན་ངག་སོགས་ཧ་ཅང་རྒྱ་ཆེ་བ་ཞིག་བརྗོད་ཀློག་ཐུབ་པར་གྱུར་ཡོད། འདི་དག་ནི་བཟང་ཕྱོགས་རེད།
- འོན་ཀྱང་སྐྱོན་མེད་པ་ཞིག་ཀྱང་མིན། ཁ་བརྡས་སྨྲ་བརྗོད་རང་དབང་དང་གང་ཟག་སྒེར་ལ་དམོད་མོ་བྱེད་པ་གཉིས་ཀྱི་བར་ན་གནས་པའི་རྣོ་སྐུད་ཀྱི་སྐུད་ལམ་ཕྲ་མོ་དེའི་སྟེང་གོམ་པའི་འདེགས་འཇོག་འཁྱོར་ཞོར་དང་འགྲོ་ཞོར་བྱས་ནས་ད་བར་དུ་སླེབས་པ་རེད། མཚམས་རེར་ས་མཚམས་བརྒལ་གྱི་ཡོད་པ་ཡང་ཁ་བརྡའི་རྩོམ་སྒྲིག་པ་རྣམས་ལ་དོ་སྣང་བྱུང་སྟེ། ང་ཚོས་ཐོག་མར་ཀློག་མཁན་དང་མཆན་འབྲི་མཁན་ཚང་མ་ལ་རེ་སྐུལ་ཞུ་བ། དེ་ནས་མཆན་འབྲི་སའི་ཡིག་སྣོད་ཀྱི་སྟེང་དེར་མཆན་འབྲི་མཁན་ཚོར་གསལ་འདེབས་རེ་སྐུལ། མཚམས་རེར་མཆན་འགའ་རེ་གསུབ་པ་དང་ཞུ་དག་གཏོང་བ་བཅས་བྱས་པ་རེད། འོན་ཀྱང་། ད་དུང་གང་ཟག་སྒེར་པའི་འཚོ་བའི་སྐོར་ལ་འཆལ་གཏམ་སྤེལ་བ་དང་། ཚིག་མཚོན་འདེབས་པ། ཐ་ན་ཁྱད་གསོད་བྱེད་པའི་རྩོམ་ཡིག་དང་མཆན་བུ་སྐབས་དང་སྐབས་སུ་ཡོང་གི་ཡོད་པ་དང་། རྩོམ་སྒྲིག་པའི་མིག་འོག་ནས་ཤོར་བ་ཡང་ཁ་ཤས་བྱུང་འདུག གོ་སྐབས་འདི་བཟུང་ནས་ཁ་བརྡས་དོ་ཕོག་བྱུང་བའི་རང་རེའི་སྤུན་ཟླ་ཚོ་ལ་ཡང་དགོངས་དག་ཞུ་རྒྱུ་ཡིན།
- ཁ་བརྡས་སྨྲ་བརྗོད་ཀྱི་རང་དབང་ཟེར་བ་དེ་མི་སྒེར་པའི་འཚོ་བའི་སྐོར་ལ་འཆལ་གཏམ་སྤེལ་བ་དང་། ཚིག་མཚོན་འདེབས་པ། ཁྱད་གསོད་བྱེད་པ་ལ་ངོས་འཛིན་བྱེད་ཀྱི་མེད། དེ་སྨྲ་བརྗོད་ཀྱི་རང་དབང་ཡིན་པའི་དབང་དུ་བཏང་ན་ཡང་། དེ་ནི་རང་དབང་ཐ་ཤལ་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་སྟབས། དྲ་དེབ་འདི་ཐོག་མར་འགོ་འཛུགས་དུས་ནས་རང་དབང་འདི་རྒྱ་ཡན་དུ་མི་གཏོང་བའི་འདུན་པ་བཏང་ཡོད།
- གོང་གི་རྒྱུ་མཚན་དེ་ལྟར་ན། ང་ཚོ་ལོ་ངོ་གཉིས་པའི་ནང་གོམ་པ་རྒྱག་སྐབས་ཐོག་མའི་དམིགས་ཡུལ་དེ་དམ་འཛིན་བྱེད་སླད་ད་ནས་བཟུང་མཆན་འབྲི་མཁན་ཚོར་གང་ཟག་ལ་རྒོལ་བའི་རྒོལ་གཏམ་མི་སྤེལ་བའི་རེ་སྐུལ་ནན་གྱིས་ཞུ་བ་ཆབས་གཅིག གལ་སྲིད་གང་ཟག་སྒེར་པ་ལ་གསོད་གཏུབ་སོགས་ཀྱི་སྤྱོ་ཚིག་སྤེལ་བ་དང་། ཁུངས་དང་བདེན་པས་ར་སྤྲོད་མི་འཕེར་བའི་འཆལ་གཏམ་སྤེལ་རིགས་བྱུང་ཚེ་དྲ་དེབ་ཏུ་གཏོང་རྒྱུ་མིན་ཞེས་ཞུ་རྒྱུ་ཡིན།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།
༢༠༠༩ ལོའི་ཟླ་ ༥ ཚེས་ ༢༠ ལ།
ཁ་བརྡ་ནི་བོད་རིགས་གྲོགས་པོ་སྐོར་གཅིག་གིས་མཉམ་རུབ་ཀྱིས་བཏོན་པའི་གླེང་སྟེགས་ཤིག་ཡིན།