སྙན་ངག་ལ་སུན་སྣང་སྐྱེས་བའི་མི་ལ་བཀའ་བསྩལ་བ
རྗེ་ལོ་ལོ་ཚང་།
མགྲིན་བཟང་བོང་བུས་སྙན་ངག་མི་འབྲི།
གླེན་པ་ལུག་གིས་སྙན་ངག་མི་གོ
དབང་རྟུལ་ཕག་པས་སྙན་ངག་མི་ཚོར།
སྙན་ངག་མ་ཤེས་ང་ཡང་དེ་བཞིན།
གངས་སེང་ངར་སྐད་རྣ་བས་མ་ཚོར།
ཁྱུང་ཆེན་མཁའ་ལྡིང་མིག་གིས་མ་མཐོང་།
དགའ་བཞིའི་ཐིག་ལེ་ཡིད་ཀྱིས་མ་ཟིན།
ངོ་མཚར་སྙན་ངག་ང་ཡིས་མ་རྟོགས།
མཚན་གུང་ཟླ་བ་རྫིང་བུའི་སྙན་ངག
ལྷོ་འཕུར་ཁྲུང་ཁྲུང་སྟོན་ཁའི་སྙན་ངག
སྣང་བ་སྐྱོ་ལྷང་ཚོར་བའི་སྙན་ངག
སྙན་ངག་ཁེར་མ་རང་རང་མྱོང་བྱ།
སྙན་ངག་ཟེར་བ་གཤིས་ལ་མེད་ན།
ཨུ་ཚུགས་སྐམ་པོས་བྲོ་བ་མི་ཡོང་།
འདི་དང་གན་ཞེས་ཨ་འཐས་ཞིག་ན།
སྙན་ངག་ལྷུག་གྲོལ་ཉི་རྡུལ་རང་འབབ།