༸རྗེའི་དྲང་ངེས་ལེགས་བཤད་སྙིང་པོའི་དཀའ་གནད་ལ་ཆོས་བརྒྱུད་དང་སེར་སྐྱ་ཕོ་མོ་རིས་མེད་ཀྱི༌མཁས་པའི་བགྲོ་གླེང་གསལ་བསྒྲགས།
༄༅།། རིས་མེད་ཆོས་བརྒྱུད་ཁག་གི་སློབ་གཉེར་པ་སོགས་ཀྱི་༸སྙན་ལམ་དུ་གསོལ་རྒྱུར།
བོད་རབ་བྱུང་བཅུ་བདུན་པའི་ས་ཁྱི་ལོའི་དགའ༌ལྡན་ལྔ་མཆོད་ཆེན་མོ་ནས་བཟུང་ཉིན་གསུམ་རིང། ༸རྗེའི་དྲང་ངེས་ལེགས་བཤད་སྙིང་པོའི་དཀའ་གནད་ལ་ཆོས་བརྒྱུད་དང་སེར་སྐྱ་ཕོ་མོ་རིས་མེད་ཀྱི༌མཁས་པའི་བགྲོ་གླེང་ཆེན་མོ་ཐེངས་དང་པོ། བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་དུ་འཚོགས་འཆར་ཡོད་པའི་གསལ་བསྒྲགས་སྔོན་སོང་ཟིན་ནའང།
ཉེ་ལམ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བགྲོ་གླེང་འདི་ཤིན་ཏུ་གལ་ཆེ་བས་གནས་མཆོག་རྡོ་རྗེ་གདན་ལྟ་བུར་གྲ་རྒྱས་ཙམ་འཚོགས་ན་ལེགས་པའི་ལམ་སྟོན་བཀའ་སློབ་ཕེབས་དགོངས་བཞིན། ༸འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་སྐུ་ཞི་བར་གཤེགས་ནས་མི་ལོ་དྲུག་བརྒྱ་འཁོར་བའི་རྗེས་དྲན་དང་འབྲེལ་བའི་ཆོས་བརྒྱུད་རིས་མེད་ཀྱི་དྲང་ངེས་བགྲོ་གླེང་ཆེན་མོ་འདི། ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༢༤ ནས་བཟུང་ཉིན་གསུམ་རིང་གནས་མཆོག་རྡོ་རྗེ་གདན་དུ་འཚོགས་གཏན་ཁེལ་བར་མ་ཟད༌༸གོང་ས་༸སྐྱབས་མགོན་ཆེན་པོ༌མཆོག་ཚོགས་མགོན་དུ་ཆིབས་བསྒྱུར་གནང་གཏན་ཁེལ་ཡོད་པ་དང། བགྲོ་གླེང་འདི་གནད་སྨིན་ཡོང་ཆེད༌དགའ་ལྡན་ཁྲི་གདན་ཟུར་རྣམ་པ་གཉིས་དང། མཚུངས་མེད་ཤར་བྱང་གི་ཆོས་རྗེ། གདན་ས་ཁག་གི་མཁན་པོ་རྣམ་པས་གཙོས་རིས་མེད་ཀྱི་མཁས་དབང་དང། དཔེ་ཁྲིད་དགེ་རྒན། དགེ་བཤེས་དང། དགེ་བཤེས་མ། སེར་སྐྱ་ཕོ་མོ་རིས་མེད་ཀྱི་སློབ་གཉེར་པ་ལེགས་གྲས་སོགས་གཞུང་ལུགས་རབ་འབྱམས་སྨྲ་བའི་མཁས་པ་མང་པོ་ཞིག་བགྲོ་གླེང་འདིའི་ཆ་ཤས་བཞེས་པར་གདན་འདྲེན་ཞུ་འཆར་ཡོད་པས། དྲང་ངེས་བགྲོ་གླེང་འདི་དུས་རབས་འདིའི་ནང་གནས་མཆོག་རྡོ་རྗེ་གདན་དུ་བོད་བརྒྱུད་ནང་བསྟན་ལ་མཁས་པ་རྣམས་ཀྱི་འདུ་འཛོམས་གཞི་རྒྱ་ཆེ་ཤོས་ཤིག་ཏུ་འགྱུར་ངེས་ལ་སོང། མཁས་པའི་འདུ་འཛོམས་ཆེན་མོ་འདིར་རང་མོས་ཀྱིས་ཟུར་ཉན་དུ་ཕེབས་འདོད་ཡོད་མཁན་མང་པོ་གློ་བུར་དུ་བྱུང་ཚེ། སྐུའི་ཉེན་སྲུང་དང། བདེ་འཇགས། ཚོགས་ཁང་གི་ཤོང་ཚད་བཅས་ཀྱིས་སྐུ་ངལ་ཡོང་སྲིད་པར་བརྟེན་སྔོན་བརྡའི་༸སྙན་སེང་གསལ་བསྒྲགས་འདི་ལྟ་བུ་ཞིག་མ་ཞུས་ཐབས་མེད་དུ་གྱུར་པར་དབྱིངས་འགལ་མི་བཞེས་པ་ཞུ།
འདི་ནས་གོ་སྒྲིག་ཞུས་པའི་བགྲོ་གླེང་ཟུར་ཉན་པའི་ས་མིག་བརྒྱ་ལྷག་ཡོད་པར་གདན་ས་སོགས་ནས་ཆེད་དུ་གདན་འདྲེན་ཞུ་འཆར་གཏན་ཁེལ་གྱིས་ས་མིག་ཁེངས་ཟིན་ཡོད། འོན་ཀྱང་རང་མོས་ཀྱིས་ཕེབས་འདོད་ཡོད་པའི་བགྲོ་གླེང་ཟུར་ཉན་པ་དང་། གསར་འགོད་པ། ཆེད་མཁས་པར་པ་སོགས་ཕེབས་ཚེ་དགའ་བསུ་ཞུ་རྒྱུ་ཡིན་པར་མ་ཟད༌ཉིན་གསུམ་རིང་གི་གསོལ་ཚིགས་ནར་གཏོང་གིས་མཚོན་སྣེ་ལེན་དང་མཐུན་འགྱུར་རོགས་ཕན་གང་དགོས་ཞུ་ངེས་ཡིན༌ལགས་ནའང་རང་མོས་ཀྱིས་ཕེབས་འདོད་ཡོད་པའི་བགྲོ་གླེང་ཟུར་ཉན་པ་དང་གསར་འགོད་པ། ཆེད་མཁས་པར་པ་སོགས་ཀྱིས་སྤྱི་སྲོལ་ལྟར་སྔོན་ལ་ཐོ་འགོད་གནང་དགོས་པ་ནི། ཚོགས་ཁང་གི་གྲ་སྒྲིག༌དང། བདེ་འཇགས་ཀྱི་ཆེད་དུ་ཡིན།
བགྲོ་གླེང་ཟུར་ཉན་པར་ཚང་དགོས་པའི་ཁྱད་ཆོས་ནི། ཆོས་ལུགས༌དང། སེར་སྐྱ་ཕོ་མོ། མི་རིགས་བཅས་རིས་མེད་ཡིན་ནའང། གཞུང་ཆེན་མོར་སློབ་གཉེར་གནང་བཞིན་པའམ་གནང་ཟིན་པ་ཡིན་པའི་ངོ་སྦྱོར། མཚན་དང་སྐྱེས་ལོ། ཤེས་ཡོན་གྱི་གནས་ཚད༌སོགས་ལོ་རྒྱུས་བསྡུས་པ། སྐུ་པར་ཕྱེད་ཅན༌གཉིས་རེ། ད་ལྟའི་བཞུགས་གནས་ཀྱི་ཞལ་བྱང། ཞལ་པར་ཨང་གྲངས༌བཅས་དང། གསར་འགོད་པ་དང་ཆེད་མཁས་པར་པ་ཡིན་ཚེ། རང་རང་གི་ལས་གནས་ཀྱི་ངོ་སྦྱོར་ཚད་ལྡན། ཞལ་པར་ཨང་གྲངས། སྐུ་པར་ཕྱེད་ཅན་གཉིས་རེ། ཞལ་བྱང་ཁ་གསལ་ཅན་བཅས།
ཕྱི་ཟླ་ ༡༡ ཚེས་ ༡ ལས་འགྱངས་མེད༌གཤམ་གསལ་ཁ་བྱང་གང་རུང་ངམ། ཀིརྟིའི་དགེ་རྩ་ཚོགས་པ་དང་ཀིརྟིའི་བྱེས་པ་གྲྭ་ཚང་གི་བརྒྱུད་ལམ་གང་རུང་ནས་ཐོ་འགོད་ངེས་པར་གནང་དགོས་པ་དང། ཕྱི་ཟླ་ ༡༢ ཚེས་ ༢༢ ཉིན་རྡོར་གདན་ས་གནས་ལ་དངོས་ཕེབས་ཀྱིས་དཔུང་རྟགས་ངེས་པར་བཞེས་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། ཀིརྟིའི་དགེ་རྩ་ཚོགས་པ་དང་ཀིརྟིའི་བྱེས་པ་གྲྭ་ཚང་ཐུན་མོང་གི་བགྲོ་གླེང་གོ་སྒྲིག་ཚོགས་ཆུང་ནས། ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༦ ལ་ཕུལ།
བགྲོ་གླེང་གོ་སྒྲིག་ཚོགས་ཆུང།
གློག་འཕྲིན་ཁ་བྱང། sodar4242@gmail.com
༡༽ ཚོགས་གཙོ། སོ་རུ་དར་རྒྱས། +91-9418069508
༢༽ ཚོགས་གཞོན། ཨ་ལགས་རྗེ་སྤྲུལ། +91-9882232060
ཀིརྟིའི་དགེ་རྩ་ཚོགས་པའི་ཁ་བྱང།
Kirti Getsa Charitable Society
Kirti Upper Hostel,
Thardholing Road, P.O. Mcleod Ganj 176219
Dharamshala Distt. Kangra (H.P) India
ཀིརྟིའི་བྱེས་པ་གྲྭ་ཚང་གི་ཁ་བྱང།
Kirti Jepa Datsang
Institute of Higher Tibetan Studies
Thardholing Road, P.O. Mcleod Ganj 176219
Dharamshala Distt. Kangra (H.P) India
September 7th, 2018 at 11:01 am
རླབས་ཆེན་གྱི་བྱ་བ། ཡི་རང་གི་གནས། ལྷན་རྒྱས་ལ་ཐུགས་རྗེ་ཆེ་ཞུ་བ་ལགས།
September 7th, 2018 at 1:48 pm
ཡག་པོ་འདུག
September 9th, 2018 at 12:42 am
་་་་་་་་་་་་་་་་ དྲང་ངེས་བགྲོ་གླེང་འདི་དུས་རབས་འདིའི་ནང་གནས་མཆོག་རྡོ་རྗེ་གདན་དུ་བོད་བརྒྱུད་ནང་བསྟན་ལ་མཁས་པ་རྣམས་ཀྱི་འདུ་འཛོམས་གཞི་རྒྱ་ཆེ་ཤོས་ཤིག་ཏུ་འགྱུར་ངེས་ལ་སོང། མཁས་པའི་འདུ་འཛོམས་ཆེན་མོ་འདིར་རང་མོས་ཀྱིས་ཟུར་ཉན་དུ་ཕེབས་འདོད་ཡོད་མཁན་མང་པོ་གློ་བུར་དུ་བྱུང་ཚེ། སྐུའི་ཉེན་སྲུང་དང། བདེ་འཇགས། ཚོགས་ཁང་གི་ཤོང་ཚད་བཅས་ཀྱིས་སྐུ་ངལ་ཡོང་སྲིད་པར་བརྟེན་སྔོན་བརྡའི་༸སྙན་སེང་གསལ་བསྒྲགས་འདི་ལྟ་བུ་ཞིག་མ་ཞུས་ཐབས་མེད་དུ་གྱུར་པར་དབྱིངས་འགལ་མི་བཞེས་པ་ཞུ། ་་་་་་་་་་་་་་་་
ང་རང་ ཡང་ བཅར་འདོད་ ཡོད་དོ།།
September 9th, 2018 at 8:00 am
དྲ་ལམ་ཐད་གཏོང་བྱེད་ཐུབ་ན་ཧ་ཅང་ལེགས་པས་རེ་བ་ཞུ་བཞིན་ཡོད།བཀོད་སྒྲིགས་ཚོགས་ཆུང་ཚོར།
October 12th, 2018 at 11:38 pm
དེའི་འདྲ་བའི་མཛད་བཟང་ལ་ལེགས་གསོལ་ཞུ།
དྲང་ངེས་ལེགས་བཤད་སྙིང་པི་གོ་དཀའ་བས། ལྕགས་ཀྱི་གཞུ་ཞེས་པ་ཨཻན་ཡིག་ཏུ་བཀླགས། སོག་པོ་དགེ་བཤེས་དབང་རྒྱལ་མཆོག་གི་བཞེན་བསྐུལ་གྱིས།་ཨ་རི་བསྟན་འསྟན་མན་གྱིས་། ལོ་༤༠་ལྷག་གོང་དུ་ཨཻན་སྐད་དུ་བསསྒྱུར་ནས།་ཧར་བ༹ཏ་གཙུག་ལག་ཆེན་མོ་ནས་ལྷག་པའི་སློབ་དཔོན་གྱི་མིང་བླངས་སོ།་
དྲང་ངེས་ལེགས་བཤད་སྙིང་པོ་ཞིག་ལན་འགའ་ཀློག་མཇལ་ཐུབ་ན་སྙམ། རྗེ་རིན་པོ་ཆེའི་གསུང་འབུམ་པོ་ཏི་བཅོ་བརྒྱད་ལས་གང་གི་ནང་དུ་བཞུགས་སམ
October 12th, 2018 at 11:45 pm
ཨ་རི་བསྟན་འསྟན་མན། ཞེས་པར་ཨ་རི་བསྟན་འཛིན་ཐར་མན། ཞེས་སོ།