སྙིང་བཏོན་ཏེ་གླེང་བ།—སྲིང་ཆུང་གུ་རུ་སྐྱིད་ལ་འཕྲིན་ལན་དུ།

ཐེའུ་རང་།   ཕན་ཚུན་ངོ་མ་ཐུག་ལ་སྐད་མ་གོ་བར་ལོ་ངོ་ཧྲིལ་པོ་གཅིག་ལྷག་འགོར་བའི་དེ་རིང་། ཁྲི་མུན་བཙོན་གྱི་འོབས་སུ་ཁྱོད་ཀྱིས་བསྐུར་བའི་འཕྲིན་དང་འདྲ་པར་འབྱོར་བར་དགའ་བ་སྨྲ་མི་ཤེས་པ་སྐྱེས་བྱུང་། གནམ་ས་གུ་དོག་པ། གདུག་པ་ཆེ་བ། མུན་པ་འཐིབ་པ་འདི་རུ་ཕ་སྐད་ཀྱི་འཕྲིན་དང་དཔེ་ཆ་འབྱོར་རྒྱུ་ནི་མཁའ་ཡི་མེ་ཏོག་ལྟ་བུར་ཆགས་ཡོད་ལ། འཕྲིན་ཕར་སྐུར་ཚུར་འོང་ལ་ཀླད་ནས་ལྟ་རྟོག་དང་ཞིབ་བཤེར་ཞེ་དྲག་ནན་མོ་བརྒྱུད་དགོས་པས། ནང་གི་དེ་ཉིད་མངོན་པར་མཚོན་པའི་སེམས་ཀྱི་གདངས་ཤིག་ནམ་ཡང་འདོན་ཐབས་དཀའ། འདི་ནི་བཤད་མི་ཤེེས་པའི་སྡུག་བསྔལ་ཅིག་རེད་ཨང་། ཀླད་ལ་དེའི་སྐོར་ནས་ཡོད་འོས་པའི་ཐོབ་ཐང་དང་རང་དབང་། གནས་ལུགས་རྒྱུ་མཚན་ལ་དྲངས་ནས་ཁ་གསལ་གཏིང་གསལ་གྱིས་ཡང་དང་ཡང་དུ་བཤད་ནའང་། དེ་དག་གི་དེ་དག་ཁབ་ཆག་ས་འོག་ལས་མ་འདས། ཤིན་ཏུ་སྟབས་ལེགས་པ་ལ། དེ་རིང་ཁྱོད་ཀྱིས་བསྐུར་བའི་ཕ་སྐད་ཀྱི་འཕྲིན་ཡིག་ཤོག་ལྷེ་གཉིས་པོ་ཆད་ལྷག་འབྲུ་གཅིག་མེད་པར་འདི་གར་འབྱོར་བྱུང་བར། དངོས་གནས་ཚིག་གིས་མི་ཁྲོལ་བའི་དགའ་བ་སྐྱེས་བྱུང་། བྱེ་མའི་ཐང་ཆེན་པོ་ན་ཚ་བས་གདུང་བའི་སྲོག་ལྡན་སུ་ཞིག་གི་ཁ་ལ་ཆར་ཆུའི་ཐིགས་པ་གཅིག་ཟགས་པ་ལྟ་བུའི། འཆི་ཁའི་ཕྱི་མིག་ལས་ཀྱང་རྣོ་བའི་ཚོར་བ་འདི་ནི། དག་དག་དབྱངས་གསལ་གྱི་ཕྲེང་བར་བརྒྱུས་པའི་ཡི་གེའི་གཟུགས་རིས་སྙིང་ཉེ་བ་འདིས་བསྩལ་འོང་པ་ཞིག་རེད་ཨང་། སྙུ་གུ་འཛིན་མཁན་ཞིག་ལ་མཚོན་ན། ཤོག་བུའི་ངོས་ཀྱི་ནག་ཆུང་ཡི་གེ་ལས་མཛེས་པའི་རི་མོ་ཞིག་དང་། དེའི་གསེང་དང་ལྟེམས་སུ་འཕྱོ་བའི་རྣམ་ཤེས་ཀྱི་སྐད་སྒྲ་ལས་སྙན་པའི་རོལ་མོ་ཞིག་གང་དུ་ཡོད་དེ་མི་འདུག་གོ ལྷག་པར་དུ། བོད་མི་སྙུག་ཐོགས་པ་ཞིག་ལ་མཚོན་ན། བོད་ཡིག་བོད་སྐད་ལས་རྣོ་བའི་ཚོར་བ་ཞིག་དང་དད་མོས་ཤིག་ཡུལ་དུས་གང་ལའང་མེད་རེད། ལྟ་སྲུང་ཁང་དུ་འབྲི་ས་འབྲི་བྱེད་མ་རྙེད་པར་བརྩེ་གདུང་དང་ཆགས་སྡང་ཡོད་ཚད་ནང་དུ་བསྡམས་ནས “སྡུག་སྒོང” བྱེད་དུས་དང་། ཡང་བཙོན་ཁང་འདི་རུ་ཐོན་དུས། བོད་ཡིག་གི་འཕྲིན་དང་དཔེ་ཆ་འབྱོར་ས་མེད་པར་བཙན་སྡོམ་བྱེད་དུས། ངས་ང་རང་གསོན་བྱེད་དང་འཆི་བྱེད་ཀྱི་ཚབ་ཉན་པའི་སྟོབས་ཤུགས་ལ། ལག་ནང་གི་སྙུ་གུ་འདི་དང་། དབྱངས་གསལ་གྱི་རི་མོ་འདི་ལས་ཐུ་བ་ཞིག་མེད་པ་གཞི་ནས་རྟོགས་བཞག འདིས་སྙུ་གུ་འཛིན་མཁན་ཞིག་གི་ཕུགས་བསམ་དང་དད་མོས་མཚོན་གྱིན་ཡོད་ལ། ཁྱད་པར་དུ་བོད་མི་སྙུག་ཐོགས་པ་ཞིག་གི་རེ་འདུན་དང་། གནས་བབ། སྐྱིད་སྡུག་མཚོན་གྱིན་ཡོད་པའང་རེད་དེ། རང་དབང་དང་། འདྲ་མཉམ། དམངས་གཙོའི་དུས་རབས་འདི་འདྲ་ཞིག་ལ། ལག་ནང་གི་སྙུ་གུར་ཆག་འཇིག་བཙན་གཡེམ་ཐེབས་པའི་འགྲོ་བ་ལས་ངན་ཞིག་ལ་བོད་མི་ང་ཚོ་ལས་སུ་ཞིག་ཡོད་དམ། དུས་དེ་རིང་སྙུ་གུ “འཛིན་ཉེས” དང་སྐད་ཆ “བཤད་ཉེས” ཀྱི་བཀའ་ཁྲིམས་ཕོག་སྟེ་ནག་པོ་བཙོན་དུ་སྡོད་དགོས་བྱུང་བ་དང་། བཙོན་ནས་སྙུ་གུ་མ་རྙེད་པར་ཅི་ཞིག་འབྲི་འདོད་ཀྱི་འདུན་པས་ཡིད་སེམས་མནར་བའི་མྱོང་ཐོབ་འདིས།ང་རང་གསོན་བྱེད་ཀྱི་གདེང་དང་འཆི་བྱེད་ཀྱི་སྟོབས་ནི་ལག་ནང་གི་སྙུ་གུ་འདི་དང་། དེའི་རྩེ་མོར་འཁྲུངས་པའི་དབྱངས་གསལ་གྱི་རི་མོ་འདི་ལས་མེད་པའི་ཕུགས་བསམ་དང་དད་མོས་སེམས་ངོ་འཕྲོད་བྱུང་ལ།ཡུལ་དུས་གནས་བབ་གང་ལའང་། ལག་ནང་གི་སྙུ་གུ་འདི་མི་འདོར་བའི་ཆོད་སེམས་གོར་མ་རྡོ་བཞིན།ཡོམ་ཡོམ་ལྕུག་ལྕུག་མེད་པར་སེམས་ཀྱི་ས་གཞིར་སྲ་བཀན་ནེར་གདབ་སོང་པས། ཕྱོགས་གཞན་ཞིག་ནས་ཁྲི་མུན་བཙོན་གྱིས་ང་དང་སྙུ་གུའི་བར་ལ་བརྩེ་གདུང་དང་ཡིད་ཆེས་འདི་འདྲ་སྲ་མོ་ཞིག་བསྩལ་སོང་བར་བཀའ་དྲིན་ཞུས་ན་རེད་ཨང་། རེད་དེ། མི་ཚེ་འདིར། ཁྱོད་ཀྱི་ཕུ་བོ་ང་བོད་ཀྱི་འགྲོ་བ་ལྟེ་ཐོགས་སུ་སྐྱེས། སྙུ་གུ་དང་ལས་འབྲེལ་རྙེད། བོད་ཀྱི་རིག་གནས་ཀྱི་བྱིན་ཐོབ།དབྱངས་གསལ་སུམ་ཅུར་གྲོགས་ཆགས། … Continue reading སྙིང་བཏོན་ཏེ་གླེང་བ།—སྲིང་ཆུང་གུ་རུ་སྐྱིད་ལ་འཕྲིན་ལན་དུ།