ཨ་འཇམ་དང་ཚེ་རིང་སྐྱིད།
-༼ས་མཐའི་ཁ་བརྡ༽་ལ་ཕུལ་བའི་མཉམ་འབྲེལ་སྙན་ངག
ང་ཚོས་ཡི་གེ་རེ་རེ་ལ མཛེས་སྡུག་གི་གཤོག་པ་བཏགས་ཏེ
རྨི་ལམ་གྱི་གཏིང་ས་ན་ཉལ་བའི་རྡ་ས་དང་ལྡི་ལི
རློན་ཤིག་ཤིག་ཏུ་འགུལ་བའི་ང་ཚོ
རོལ་མོའི་མཁའ་དབུགས་བརྒྱུད་ནས
དེ་རིང་གི་སྙིང་ཁར་སླེབས་བྱུང
ཆར་བ་སྔར་བཞིན་འབབ་ཀྱིན་འདུག
དབྱར་གཞུང་འདིའི་ཆར་བ་འབབ་ཚུལ་ནི་སྙིང་དུ་སྡུག
གཉིད་མེད་པའི་མཚན་མོ་མང་པོར་སེམས་པ་དམར་པོ་དེའི་བར་ན
ཚོར་བ་དང་ཁམས་གཤིས་ཀྱང་ཧ་ཅང་གིས་དྭངས
ང་ཚོ་དབྱར་གཞུང་གི་ཆར་བའི་གཏིང་རུམ་ཞིག་ཏུ
བླ་སྲོག་དང་སེམས་བྱུང་གི་དབྱིངས་ལ་འཐིམ་ཚུལ་འདི
དབྱར་གཞུང་མང་པོར་ཉར་བའི་ལྗང་མདོག་གི་སྤང་ཐང་དེ་ཅི་ལ་མིན
ཉི་འོད་དང་མཛེས་པའི་ངོས་རེ་རེ་སློག་བརྗེས
ད་དུང་ཆེས་བག་ལ་ཞ་བའི་འུ་ཅག་གི་བརྡ་དག དྭངས་ཤིང་གཙང
ཐག་རིང་གི་རི་བོ་དང་ཆུ་བོའི་བར་གསེང་ན
ཆར་བ་ཤམ་ཤམ་དང་བརྩེ་བ་ཁྲོལ་ཁྲོལ
ཡིད་འོང་གི་གཏམ་རྒྱུད་ལ སྔོ་ལྗང་གི་དུས་ཚོད་འབྲི་བཞིན
ཆར་བ་ནི་གྱེས་བྲལ་གྱི་བརྡ་རྟགས་བཞིན
འུ་ཚོའི་མཁའ་དབྱིངས་ན ཟམ་ཟིམ་ངང་འབབ་ཀྱིན་ཡོད
ཆར་བའི་གཏིང་ས་ཞིག་ནས
སེམས་པ་མང་པོའི་ཕྱི་ནང་སྒོམ་ཞོར
འུ་ཚོ་ཁོ་ནར་དབང་བའི་ཡི་གེའི་མངའ་ཐང་ཁྱེར་ཏེ
རྨི་ལམ་ལ་གཤོག་པ་ཐོགས་སའི་རི་གྲོང་འདི་དང་གྱེས་འགྲོ
ཚེ་སྲོག་དེ་ཁྲག་གི་རྒྱུ་བ་ཞིག་ཡིན་ན
ཁྲག་གི་བཞུར་ལམ་དེའི་ཁྱོན་ན
ཁྱེད་ཚོ་ནི་མེ་ཏོག་དང་ཁ་བ་ཡིན
བཀའ་དྲིན་ཆེ བདག་གི་རྨི་ལམ་ལ་ཁ་དོག་སྣོན་མཁན་གྱི་ཡེ་གེའི་རི་མོ་བ་ཚོ
ཆར་བ་སྔར་བཞིན རི་བོའི་འཚོ་བ་ལ་ཐོགས་ཤིང
ལྗོན་ཤིང་གི་རོལ་དབྱངས་ལ་བརྒྱུས་པའི་འཇམ་མཉེན་རེད
རྡ་སའི་ཁྱམས་འོག་གི་སྐར་ཚོགས་ལ་བཏབ་པའི མུ་ཏིག་གི་དོག་པ་རེད
ཆར་བ་ད་དུང་འབབ་ཀྱིན་འདུག རློན་ཤིག་ཤིག་གི་སྐྲ་ལོར་འཁྱུད་པའི
མཚན་མོའི་སྙན་ངག་གི་འབྲི་འཕྲོ་རེད
ཆར་བས་ད་གཟོད་གྱེས་བྲལ་དང་མཐའ་མཇུག་གི་ལག་བརྡ་བཏང
ལང་ཚོ་དེ་མེ་ཏོག་ཅིག་ཡིན་ན
གཞུང་རྟ་དེ་ཁྱེད་ཚོ་ཡིན
མོ་ལོ་སུམ་ཅུར་བརྒལ་བའི་སྐྱ་ཐང་གི་འཚོ་བའི་ངོགས་ན
ཁྱེད་ཚོ་ནི་ངའི་སྐྲ་ལོར་འཐམས་པའི་བྱུ་རུའི་རྒྱན་ཆ་དེ་ཡིན
ཡི་གེ་རྐྱང་རྐྱང་གི་མངའ་ཐང་ལ་རོལ་བའི་ལམ་མདོ་ན
ཁྱེད་ཚོ་ནི་ངའི་སེམས་བྱུང་གི་ཧྲག་བར་ན་འཚེར་བའི་མཆོད་མེ་ཡིན
ཆར་བ་འབབ་ཚུལ་དེ ངས་ཁྱེད་ཚོ་དྲན་པའི་གསང་བ་ཡིན་ན
ཆར་བ་འབབ་ཐེངས་རེར ང་རང་ཐེངས་གཅིག་དྲན་རོགས
ཆར་བ་འབབ་ཚུལ་འདིས ཆུ་རྐྱང་གི་འཚོ་བར་བཏབ་པའི་སྙན་ངག་གི་ཁ་བྱང་བཞིན
རི་ངོགས་ཀྱི་རྐང་ལམ་ལ་ཐ་སྙད་ཀྱི་སུན་སྣང་སྦྱར་བཞིན
ཡུལ་གྱར་བའི་ཉིན་སྲིབ་རེ་རེར དུང་བ་དང་ལྗིད་ཚད་འདེགས་བཞིན
སོང་མ་ཚར་བའི་ཚིག་རྐང་གི་གཏིང་ས་ནས
ཡི་གེ་རེ་རེ་རུས་རྐང་གི་ངོས་དག་ཀྱང
དེ་རིང་གི་ཆར་བ་བཞིན སྙིང་ལ་ཤམ་ཤམ་འབབ་པ་དེ་རེད
གདོང་ལ་ཟམ་ཟིམ་དུ་འབབ་པའི་ཆར་བ་དེ
སྙིང་ལ་ཤམ་ཤམ་དུ་བརླན་པ་དེ་ཨང
ཡིད་གདུང་གི་སྦུབས་སུ་ལུས་པ་གང་ཡིན
ཆར་བ་འབབ་དུས་ཤིག་ལ ཐུག་སྐམ་འཐུང་ཚུལ་དེ་རེད་དམ
སྐར་ཚོགས་བཀྲ་དུས་ཤིག་ལ བཟི་ཟིན་པའི་མིག་ཆུ་དེ་རེད་དམ
མཚན་མོ་དེར། བདག་གི་མིག་ཆུ་ཡང་ཆར་བ་འབབ་ཚུལ་འདི་དང་འདྲ་ཨང
དེ་ནི་ཚིག་རུས་དང་ཆང་གིས་ཀྱང་བློས་བསླངས་མ་ཐུབ་པའི་སེམས་ངོ་ཡིན
དེ་ནི་འབྲི་བར་མ་སྤོབས་པའི་ཡི་གེའི་རི་མོ་དེ་ཨང
ལྕང་སྲུབ་ན་ལུས་པའི་ཚིག་གི་རྔ་མ་ཞིག་ཁྱེར་ཏེ
ང་རང་མི་ཚོགས་མཐུག་ས་ཞིག་ལ་བུད་འགྲོ
དྭངས་གཙང་ནི་ཁྱེད་ཚོར་བཞག་པའི་ང་ཡིན
དེ་ལྟ་དེ་ལྟར རྡ་ས་གྲུབ་སོང སེམས་པ་གྲུབ་སོང
ཆར་གྱིས་ཤན་པའི་ཉི་འོད་ཅིག ད་དུང་འབྲི་འཕྲོའི་ངང
སང་ཉིན་གྱི་དབྱར་ག་ཞིག་ལ་འཇའ་འོད་བཏབ
ད་ནི ཐོག་ཁང་གི་བར་ཁྱམས་ཤིག་ལ་བཞག་པའི་ཚིག་སྦྱོར་གྱི་བར་སྣང་ན
འཚིག་ཇ་འདི་ཡང་ཕྱི་རོལ་གྱི་ཆར་བའི་སྒྱུ་རྩལ་ལ་གཡེང
ལྷོད་འཇགས་འདིའི་མཐའ་ན ད་དུང་འབབ་སྲིད་པའི་མཉེན་ཤ་ཡོད
ག་ལེར་མཇུག་མཐའི་ཡོལ་བར་འཁྱུད་པའི་སྣང་བའི་འོད་དག
དྲན་ཤིང་གི་གཏིང་རོལ་ལ་དཔར་བའི་འཛུམ་གྱི་མེ་ལོང་དེ་ཡིན
དེ་ལྟ་དེ་ལྟར མདུན་ལྗོངས་རབ་རིབ་ཏུ་གྱུར
ཆར་བའི་གཏིང་ཞིག་ཏུ
མདུན་ལྗོངས་རབ་རིབ་གྱི་བར་ན
སྙིང་དབྱིབས་ཅན་གྱི་འཚིག་ཇ་དེ་ངས་ཧུབ་ཀྱིས་བཏུང་ཡོད
ཆར་བ་བདག་གི་སྐྲ་གསེང་ལ་འཐིམ་པ་ལྟར
དྲོད་འཇམ་དེ་བདག་ལ་གྲུང་ཤ་སློང་བྱེད་དེ་ཨང
ཟླ་བ་འགུལ་སྟངས་དེ ང་ཡིན་ལ
སྐར་ཚོགས་འདར་ཚུལ་དེ་ཡང ང་ཡིན་ན
ཆར་རྗེས་ཀྱི་འཇའ་ཚོན་དེ་ཡང ང་ཡིན་པ་མ་བརྗེད་ཨང
ཆར་བའི་གཏིང་ཞིག་ཏུ
མདུན་ལྗོངས་རབ་རིབ་ཀྱི་བར་ན
དྲན་ཤིང་འདི་ཁྱེད་ཚོར་བཞག་པའི་ཁ་ཆེམས་ཡིན
བདེ་མོ་བྱོས། ཡང་ཡང་དྲན་སྲིད་པའི་ཁྱེད་ཚོ།
སྤྱི་ལོ་༢༠༡༥ལོའི་ཟླ་༧ཚེས་༡༢ཉིན།
༼ས་མཐའི་ཁ་བརྡ་༽ནི་ལོ་ངོ་བདུན་བརྒྱད་ཀྱི་ཡར་སྔོན་ཞིག་ལ་རྡ་སའི་རི་གྲོང་ནས་སྙན་ངག་ལ་དགའ་མཁན་སྐོར་ཞིག་ལྷན་འཛོམས་ཀྱིས་སྙན་ངག་གི་ཁ་བརྡ་བྱེད་པའི་སྐབས་རང་ཉིད་ལ་བཏགས་པའི་མིང་ཞིག་ཡིན། ༼ས་མཐའི་ཁ་བརྡས༽་ཕྱིར་དྲན་བྱ་འོས་པའི་བྱ་འགུལ་མང་དུ་སྤེལ་མྱོང་།
ད་ལོ་བསྐྱར་དུ་རྡ་སར་སོང་བའི་སྐབས་༼ས་མཐའི་ཁ་བརྡ་༽བ་ཚོ་དང་བསྐྱར་དུ་མཇལ་སོང་། འདི་ནི་སྙན་ངག་ལ་དགའ་བའི་ང་ཚོའི་ཕྱི་ཐག་ཡིན།
པར་ལ་བལྟས་ནས་ཕྲག་དོག་ཟོས་པ་ཡིན། །
སྙན་ངག་བཀླགས་ནས་སྐྱོ་གདུང་འཐུངས་པ་ཡིན། །
ཀླུ་སྨྱོན་འདི་ཚེ་རིང་སྐྱིད་གང་ན་ཡོད་གང་ན་རིག་སར་རྗེས་འདེད་བྱེད་མཁན་གྱི་ཨ་ཁུ་ལོ་ལོ་ཞིག་རེད་འདུག ད་བསམ་མ་འདུག་ཚེ་གཅིག་ལ་རབ་བྱུང་སྡོམ་པ་སྲུང་རྒྱུའི་ཁས་བླངས་ཚར་བ་རེད། ཡིན་ནའང་ཚེ་རིང་སྐྱིད་ད་དུང་མོ་ཧྲེང་མ་ཞིག་ཡིན་ཟེར། མོས་བོད་ཕོ་ཞིག་ལ་འཆང་ས་བྱེད་རྒྱུ་ཡིན་ཟེར་ནས་སྒུགས་བསྡད་འདུག གཅིག་བྱས་ན་རྒྱལ་ས་ཝ་ཤིང་ཊོན་ལ་ཕྱིན་ནས་སྐད་ཆ་ཡག་པོ་ཞིག་བཤད་ན་ཁྱེད་གཉིས་མཉམ་འགྲིག་ཡོང་རྒྱུའི་རེ་བ་མེད་པ་མ་རེད། དེ་སྤྲུལ་སྐུའི་ཐུགས་ལ་ཐོགས་རོགས།
ཆར་བ་འབབ་པ་རེད་དམ། ཆར་པ་འབབ་པ་རེད། ལགས།
སྙན་ངག་མ་ཚེ་རིང་སྐྱིད་ང་དང་ལྷན་ཏུ་སྙན་ངག་ཅིག་འབྲི་ཐུབ་རྒྱུ་བྱུང་ན་བོད་ཀྱི་སྙན་ངག་གི་ཁ་ཕྱོགས་ལ་འགྱུར་བ་ཐེབས་སྲིད།
ཅོག་མྱི་ལགས་ཁྱེད་དང་ཚེ་རིང་སྐྱིད་གཉིས་སྙན་ངག་ཅི་མི་ཤེས་མཉེན་ལུས་ཞིག་ཏན་ཏན་བྲིས་ཏེ་བོད་ཀྱི་ལོ་རྒྱུས་ལ་འགྱུར་བ་ཞིག་ཐེབས་ངེས་རེད་བསམ།
སྣང་བ་མཐུན་པའི་ཕོ་མོ་གཉིས་ཀྱིས་ཚོར་བ་དང་ཚོར་བ་བསྲེས་ནས་སྙན་ངག་ཅིག་བྲིས་ན་བྲོ་མ་འདྲ་བ་ཞིག་ཁ་ས་རེད།
བློ་རིག་པ་ཨ་འགྲིག་ཆ་འགྲིག་རེད།།
ལུས་ན་ཚོ་ཡང་འགྲིག་དགུ་འགྲིག་རེད།།
སྙན་ངག་ལ་དགའ་པོ་མེད་ཀྱང་བྲིས་མཁན་གཅིག་་ཚེ་རིང་སྐྱིད་ཡིན་ཙང་གཅིག་ཀློག་པ་ཡིན་ ཀློག་ཡས་ཚང་མ་ཀློག་ཐུབ་བྱུང་ཀྱང་ཀློག་ཁག་པོ་དང་ཀློག་ནས་དོན་དག་རྩ་བ་ནས་ཤེས་མ་སོང་ ཁྱད་མཚར་རེད་ སྔོན་མ་ཨ་མདོ་དགེ་ཆོས་ལགས་དང་དམུ་དགེ་བསམ་བསྟན་ལགས་སོགས་ཀྱིས་བྲིས་་གནང་བའི་སྙན་ངག་དང་རྩོམ་དེ་ཚོ་ཀློག་དུས་ཀློག་བདེ་ལ་དོན་དག་ཚང་མ་ཤེས་ཀྱི་ཡོད་ འོན་ཀྱང་དིང་སྐབས་ཨ་མདོ་བ་རྣམས་ཀྱི་བྲིས་པའི་སྙན་ངག་དང་རྩོམ་མང་ཆེ་བ་འབྲུག་པའི་ཀུན་གསལ་ཀློག་པ་དང་གཅིག་པ་རེད།