དཔལ་རྡོར་ནས།
ཨ་རིའི་གཞུང་གི་རྒྱང་བསྒྲགས་ལས་དོན་འགན་འཛིན་ལྷན་ཚོགས་ཀྱིས་ཕོ་བྲང་དཀར་པོ་ལ་ཕུལ་བའི་ཕྱི་ལོ་༢༠༡༣་ལོ་འཁོར་སྔོན་རྩིས་ནང་དུ་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་རྒྱང་བསྒྲགས་རྦད་དེ་མེད་པ་བཟོ་རྒྱུའི་གྲོས་གཞི་བཏོན་ཡོད་པ་དང་། ད་ནི་ཨ་རིའི་གྲོས་ཚོགས་ཀྱིས་སྔོན་རྩིས་ཀྱི་ཆ་དེ་ལ་ཆོག་མཆན་བཀོད་ཚེ་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་རྒྱང་བསྒྲགས་རྦད་དེ་ཆད་རྒྱུ་ཡིན་པ་རེད།། ཁ་སང་ནས་བཟུང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ལོ་འཁོར་བོད་དོན་ཞུ་སྐུལ་ལས་དོན་ཐེངས་བཞི་བའི་ནང་གི་ཞུ་སྐུལ་གལ་ཆེན་ཞིག་ནི་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་རྒྱང་བསྒྲགས་སྐྱོབ་རྒྱུ་དེ་ཡིན་ལ། དངོས་སུ་ཨ་རིའི་འབྲེལ་ཡོད་གྲོས་ཚོགས་འཐུས་མི་མང་པོའི་ལས་ཁུངས་སུ་བཅར་ཏེ་ཞུ་སྐུལ་བྱ་རྒྱུ་ཡིན་པ་དང་། ལས་འགུལ་གོ་སྒྲིག་པ་མང་པོ་དང་། ལས་འགུལ་ནང་ཞུགས་མཁན་གྱི་བོད་དོན་རྒྱབ་སྐྱོར་བ་མང་པོས་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་རྒྱང་བསྒྲགས་ནི་གཞིས་བྱེས་གཉིས་སུ་ཡོད་པའི་བོད་མི་ཡོངས་ཀྱི་ཆེད་དུ་ངེས་པར་དུ་སྐྱོབ་དགོས་ཞེས་ལས་འགུལ་སྤེལ་བཞིན་པ་རེད།།