ཡོང་ཁུངས་ཐུ་མིའི་དྲ་བ། www.thumi.net
ཉེ་བའི་དུས་ནས་བཟུང་བོད་ནང་དུ་སློབ་གསོའི་ཚ་རླབས་གསར་བ་ཞིག་འཕྱུར་བཞིན་ཡོད། དེ་ནི་ལོ་ན་བདུན་ཅུ་བརྒྱད་ཅུར་སོན་པའི་རྒན་པོ་རྣམས་ཀྱིས་སྣེ་ཁྲིད་དེ་བོད་ཀྱི་སྐད་ཡིག་གསར་དུ་སློབ་བཞིན་པ་འདི་རེད། ཀློག་པ་པོ་ལགས་འདི་ནི་ང་ཚོས་ཆེད་དུ་མཚར་གཏམ་གོ་སྒྲིག་བྱས་པ་ཙམ་མ་ཡིན་པར་མགོ་ལོག རྔ་བ། རྨ་ཆུ། མཚོ་ལྷོ་སོགས་ས་ཁུལ་སོགས་མང་པོ་ཞིག་ཏུ་འབྱུང་བཞིན་འདུག ང་ཚོས་རྒྱུས་ལོན་བྱས་པ་ལྟར་ན་ཁོ་ཚོ་འགའ་རེས་རང་གི་བུ་རབས་ཚ་རྒྱུད་ལ་བོད་སྐད་གཙང་མ་ཞིག་ཀྱང་བརྒྱུད་སྤྲོད་མ་ཐུབ་པའི་གནོང་འགྱོད་ཡིན་ཟེར་ལ། འགའ་རེས་དབྱངས་གསར་སོ་བཞི་ཐེངས་གཅིག་སྦྱང་ན་བཀའ་བརྟན་ཚར་གཅིག་བཏོན་པའི་ཕན་ཡོན་ཡོད་ཟེར་བ་དང་། འགའ་རེས་འཆི་ཁར་སྨོན་ལམ་བཟང་པོ་རེ་འདོན་ཤེས་ན་ཡང་བཟང་ཟེར་བ་སོགས་མདོར་ན་ཁོ་ཚོ་ཁ་གཅིག་གྲགས་ཀྱིས་སྔོན་ཆད་སློབ་སྦྱོང་གི་གོ་སྐབས་མ་རེག་པར་ཕངས་སེམས་དང་། གང་ལྟར་མ་ཤི་བར་ཡི་གེ་ཞིག་ཤེས་ན་བཟང་སྙམ་པ་ཀུན་ལ་ཡོད་པས་ང་ཚོས་ཞིབ་ཏུ་བསམ་བློ་ཞིག་བཏང་ན་སྨྲ་མི་ཤེས་པའི་ཚོར་བ་ཞིག་ངང་གིས་སྟེར་རོ། །སྐབས་འདིར་ངས་རྒན་པ་འདི་དག་ལ་གུས་ཕྱག་ཅིག་འཚལ་ཏེ་ཐུགས་རྗེ་ཆེ་ཞུ་སྙིང་འདོད།