ཏྲེ་ཧོར་ཐུབ་བསྟན།
རྒྱ་གཞུང་གིས་བོད་དུ་ལག་སྟར་བྱེད་པའི་དྲག་པོའི་སྲིད་ཇུས་འོག་བོད་རིགས་རྣམས་ཀྱིས་བརྙས་བཅོས་མྱོང་བཞིན་པའི་སྐོར་རྒྱ་རིགས་འགའ་དང་མཉམ་དུ་དྲ་ལམ་བརྒྱུད་གླེང་མོལ་བྱེད་སྐབས།ཁོང་ཚོར་ཐུན་མོང་གི་ལྟ་ཚུལ་ཞིག་མཆིས་པ་ནི་“ང་ཚོའི་གནས་སྟངས་ཀྱང་ཁྱོད་ཚོ་དང་གཅིག་མཚུངས་རེད། “རིག་གནས་གསར་བརྗེ་ཆེན་མོའི”གོད་ཆག་ཁྱོད་ཚོའི་མགོ་ཐོག་ཏུ་ལྷུང་མྱོང་བ་མ་ཟད།ང་ཚོའང་དེ་ལས་གཡོལ་ཐུབ་མེད།ད་ལྟ་བོད་རིགས་མང་དག་ཅིག་འཇུ་བཟུང་དང་བཙོན་འཇུག་བྱེད་བཞིན་ཡོད་ཀྱང་།ང་ཚོའི་དམངས་གཙོ་དོན་གཉེར་བ་དང་སྲིད་གཞུང་དང་ལྟ་བ་མི་མཐུན་པ་ཚོའི་གནས་བབ་ཀྱང་ཤེས་གསལ་རེད་”ཟེར།ཕྱོགས་གཅིག་གི་གནས་བབ་ལ་བསམ་ན་ལྟ་ཚུལ་འདི་བདེན་མོད།འོན་ཀྱང་།གནད་དོན་དེ་ཙམ་ཀྱིས་ཁ་ཚོན་གཅོད་དེ་བཤད་ཐུབ་པ་ཞིག་མིན་པ་དང་།ང་ཚོའི་ད་དུང་གཏན་ནས་མཐོང་ཐུབ་མེད་པའམ་དོ་སྣང་དེ་ཙམ་མེད་པའི་ཕྱོགས་གཞན་ཞིག་གི་ངོས་ནི་མི་སེར་སྤེལ་ཡུལ་དང་དབང་བསྒྱུར་མི་རིགས་གཉིས་ཀྱི་མི་འདྲ་ས་དེ་རེད།