རྫ་ཚེ་རིང་བཀྲ་ཤིས་ཀྱིས་འོས་སྦྱོར་བྱས།
༼འདི་ནི་བྱེས་ཀྱི་དཔལ་སྤུང་ཤེས་རབ་གླིང་གི་བཤད་གྲྭའི་མཁན་ཆེན་ལས་ཐོག་པ་དང་། རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་འགན་འཛིན་ཏེ། ཕྲན་གྱི་བཀུར་འོས་ལས་རོགས་མཁན་པོ་ཚུལ་རྣམ་མཆོག་གིས་དངོས་ཡོད་ཅི་བཞིན་ཡི་གེར་ཕབ་པའི་རྩོམ་བྲིས་ཤིག་ལགས་ཤིང་། ཁོང་ཉིད་ཀྱིས་ཕྲན་ལ་གློག་ཕྲིན་བརྒྱུད་ཉིད་ཀྱི་ཕྱག་བྲིས་ཉིན་ཐོ་འདི་བཞིན་བཏང་གནང་བ་ཞིབ་ཏུ་བཀླགས་རྗེས་ཁོང་ལ་དྲ་ལམ་ཁག་ཏུ་བརྒྱུད་འགོད་ཆོག་མིན་གྱི་བཀའ་གནང་ཞུས་རྗེས་འདྲེན་བཀོད་བྱས་པ་ཡིན༽
དེ་རིང་ནི་ཇི་འདྲའི་དུས་བཟང་ཞིག་སྟེ་ངས་སྐད་ཆ་དེ་ཐོས་མ་ཐག་ང་ལ་སེམས་གཏིང་ནས་སྤྲོ་བ་འཕེལ་ཞིང་བརྗོད་དཀའ་བའི་སེམས་ཚོར་ཞིག་བྱུང་། དེ་དང་མཉམ་དུ་དགོད་བྲོ་བའི་གཏམ་འགའ་ཡང་ཐོས་པས་དགོད་བཞིན་དགོད་བཞིན་མུ་མཐུད་ཉན། དེ་ནི་ངས་གློག་འཕྲིན་ཁ་པར་བརྒྱུད་གོ་བའི་སྐད་ཆ་ཞིག་རེད། དེ་ཡང་ང་ཡི་ཕ་ཡུལ་བོད་གངས་ཅན་ཞེས་དྭངས་ཤིང་བསིལ་ལ་རང་བྱུང་གི་མཁའ་རླུང་དྲི་བཟང་འཐུལ་འཐུལ་དང་འགྲོགས་ནས་ཕྱོགས་ཀུན་དུ་རྒྱུ། ཡངས་པའི་རྩྭ་ཐང་སྟེང་སྦྲ་གུར་དང་ནོར་ལུག་གིས་གང་ཞིང་གནམ་སྔོན་ས་ལ་ལྷུང་པ་དང་འདྲ་བའི་སྤང་ལྗོངས་དང་ཁྲ་ཆེམ་ཆེམ་ཀྱི་མེ་ཏོག་སྣ་ཚོགས་པ་བཟོ་བོ་མཁས་པས་རི་མོ་བྲིས་པ་བཞིན་མཛེས།