(དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན།)
ཉི་མ་འཚོ།
“ཁྱེད་གཉིས་བཟའ་ཚང་ཡིན་པའི་དཔང་རྟགས་འདྲ་བསྟན་རྒྱུ་ཡོད་དམ།”
གཞུང་ཚབ་ཀྱི་ལས་བྱེད་དེའི་སྐད་ཆ་གོ་མ་ཐག བློ་བཟང་འཚབ་འཚུབ་ཏུ་གྱུར་བ་དང་ཟུར་མིག་གིས་ལས་བྱེད་དེར་ལྟ་བཞིན་རང་གི་སྲིང་མོའི་མ་ནེ་ལ་འཇུས་ནས་མཆུ་འདབ་སྦྱར། ལས་བྱེད་དེའི་ངོ་གདོང་ལས་ཡིད་ཆེས་སོང་བསམ་བསམ་གྱི་རྣམ་འགྱུར་གང་ཡང་མ་མངོན་པས། ཁོ་དེ་བས་འཚབ་འཚུབ་ཏུ་གྱུར་ནས་སྲིང་མོའི་མཆུ་ཏོ་ཤུགས་ཀྱིས་འཇིབ་འགོ་བརྩམས། བློ་ཡིད་ལས་འདས་པ་ཞིག་ལ་སྲིང་མོའི་ངོ་གདོང་དམར་ནག་ཏུ་གྱུར་ཏེ་ཕྱི་ལ་བྲོས་སོང་། སྐད་ཅིག་མའི་དུས་ཚོད་དེའི་ནང་ཁ་སང་རང་འགོ་བཙུགས་པ་ལྟ་བའི་བྱས་ཇུས་གང་མང་ཞིག་འཚང་ཁ་ཤིག་ཤིག་གིས་བློ་བཟང་གི་ཀླད་པ་རུ་འཛུལ་འོང་། “ཕུ་བོ་ཁྱེད་ཀྱིས་ང་ངེས་པར་དུ་ཨ་རི་ལ་ལེན་ཐབས་བྱོས།” “སེམས་ལ་བཟུང་ཡོད། གོ་སྐབས་ཡག་པོ་ཞིག་ལ་སྒུགས།” “གོ་སྐབས་དང་གོ་སྐབས་ཟེར་ནས་ང་རྒས་འགྲོ་གི་འདུག