དགེ་འདུན།
——–
མེ་ལྕེ་ཞིག་མཆེད། མེ་ལྕེའི་ཚ་ཚད་ནི་ཧ་ཅང་ཚད་མཐོ་པོ་ཞིག་རེད། ཐབ་ན་འབར་བཞིན་པའི་མེ་དེའི་ཚ་ཚད་ལས་ཀྱང་བརྒལ་འདུག མེ་ཚ་བོ་དེའི་དཀྱིལ་དེ་སྣུམ་གྱིས་ཁེངས། སྣུམ་དེ་དཔའ་བོའམ་དཔའ་མོ་ཞིག་གི་སྐུ་ལུས་ལ་སིམ། དེས་དྲངས་པའི་མེ་ལྕེ་དེ་དག་ནི་ཡོམ་ཡོམ་གྱིས་མཆེད། ལྷོག་ལྷོག་ཏུ་མཆེད། བ་སྤུ་ཞིག་མེས་ཚིག་པའི་ན་ཟུག་ཀྱང་བཟོད་དཀའ་བ་རེད། འོན་ཀྱང་མེ་ལྕེས་ལག་པ་འཚིག མེ་ལྕེས་རྐང་པ་ཚིག མེ་ལྕེས་རྣ་བ་དང་མིག་འབྲས་ཀྱང་འཚིག དབང་པོ་རེ་རེ་འཚིག་སྐབས་མེ་ལྕེས་སྤྲད་པའི་ན་ཟུག་ནི་བཟོད་དཀའ་བ་ཞིག་རེད། ཡན་ལག་རེ་རེ་ནས་འཚིག་སྐབས་མེ་ལྕེས་མཆེད་པའི་ན་ཟུག་ནི་བཟོད་དཀའ་བ་ཞིག་རེད། མིའི་གཤིས་ཀའི་ཐོག་ནས་ངུ་ངག་འདོན་པ་ནི་ ཨ་ཚ་ཚ་ ཞེས་པ་དེ་ཡིན། འོན་ཀྱང་དཔའ་བོ་དང་དཔའ་མོ་ཚོའི་ངུ་ངག་ནི། “བོད་རང་དབང་རང་བཙན་གཙང་མ་ཡིན།” “༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག” ཅེས་སོགས་རེད། འདི་ནི་སྤུན་ཟླ་བཅུ་གྲངས་ཤིག་མེས་འཚིག་པ་མ་རེད། འདི་མི་རིགས་ཤིག་མེས་འཚིག་པ་རེད། དེའི་རྐྱེན་གྱིས་ བོད་དང་ཕྱི་རོལ་གྱི་འཇིག་རྟེན་གང་ཡིན་ལ་གནས་བཅས་པའི་བོད་མི་ཡོད་དོ་ཅོག་གི་སེམས་འདི་མེ་ལྕེ་ལ་མཆེད། དཔའ་མོ་དང་དཔའ་བོས་མྱངས་པའི་ན་ཟུག་དེ་སྒོམ། མིག་མཐའ་མཆི་མས་གཡོགས། མཆི་མ་དེ་ཡང་ས་སྣུམ་ཞིག་དང་མཚུངས། མེ་ལྕེ་དྲག་ཏུ་མཆེད་པའི་རྒྱུར་གྱུར། འདི་ནི་ད་ལྟའི་བོད་ཀྱི་སེམས་ཁམས་རེད།
དེ་ལས་མང་བ་། “སེང་གེའི་སྡེར་མོ།-གླེང་མི་འོས་པ་ཞིག་གླེང་བ།” »