གསལ་ལེ་རྒྱལ་གྱིས་ཕྷ་རན་སིའི་རྒྱལ་ས་ཕ་རེ་སི་ནས་ཨ་མ་དགུའི་ཚབ་ཏུ་བྲིས།
སུས་ཀྱང་ཚབ་བྱེད་མི་ཐུབ་པའི་ཨ་མའི་གཅེས་ཕྲུག་ཁྱོད་གང་ན་ཡོད། མི་ལ་ལས་བཤད་ན་ཁྱོད་ཀྱིས་སྟག་མོ་ལུས་སྦྱིན་གྱི་ལེའུ་གསར་བ་ཞིག་འབྲི་བཞིན་འདུག་ཟེར། ཨ་མའི་ལོ་ལོ་ཡིན། ང་ལ་དགོས་བ་ནི་སྟག་མོ་ལུས་སྦྱིན་གྱི་ལེའུ་གསར་བ་དེ་མིན་ལ། སངས་རྒྱས་ཀྱི་གོ་འཕང་ཞེས་སེམས་ཅན་གྱིས་ཡིད་སྨོན་བྱེད་ས་དེའང་མིན། ང་ལ་མཁོ་བ་ནི་ཁྱོད་ཁོ་ན་ཡིན། ཨ་མའི་གཅེས་ཕྲུག ཁྱོད་གང་ན་ཡོད།
མི་ལ་ལས་བཤད་ན་ཁྱོད་ཀྱིས་མི་རིགས་དང་རང་དབང་གི་ཆེད་དུ་རང་ལུས་མེ་ལ་སྦར་ཟིན་ཟེར། སྐད་ཆ་འདི་དག་མི་བདེན་པའི་གསོལ་བ་སྙིང་ནས་འདེབ་བཞིན་ཡོད། ང་ལ་མཁོ་པ་ནི་མི་རིགས་མིན་ལ་རང་དབང་ཡང་མིན། ང་ལ་མཁོ་བ་ནི་ཁྱོད་ཁོ་ན་ཡིན་པས། ང་ལ་བདེ་མོ་ཙམ་ཡང་མ་བཞག་པར་འདི་ལྟར་མི་རིགས་དང་རང་དབང་གི་ཆེད་དུ་འགྲོ་མི་སྲིད། ཨ་མའི་གཅེས་ཕྲུག་ཁྱོད་གང་ན་ཡོད།
ཁྱོད་མེད་པའི་ལོ་ཟླ་རིང་མོ་དང་ངའི་ཚེ་འཇུག་གི་ཉིན་མཚན་འདི་དག་ངས་ཇི་ལྟར་བསྐྱལ། ཁྱོད་ལ་དགོས་བ་ནི་མི་རིགས་དང་རང་དབང་ཡིན་ཡང་། ངས་མི་རིགས་ཞེས་པ་དེ་ཅི་ཞིག་ཡིན་མིན་དེ་མི་ཤེས་ལ། རང་དབང་ཞེས་བ་དེ་དེ་བས་ཀྱང་མི་ཤེས། ང་ལ་མཁོ་བ་ནི་ཁྱོད་ཁོ་ན་ཡིན། ཨ་མའི་གཅེས་ཕྲུག་ཁྱོད་གང་ན་ཡོད།