བསྟན་འཛིན་ཐོས་བསམ།
སྤྱི་ལོ་ ༢༠༡༡ ཟླ་ བ ༥ཚེས་༨ ཉིན་ཨ་རིའི་སྙན་གྲགས་ཅན་གྱི་ཝིར་ཇི་ནི་ཡ་མཐོ་སློབ་ཆེན་མོར་བོད་མི་ཤེས་ཡོན་ཅན་ཁག་ཅིག་གིས་ད་ལྟའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ལས་དོན་དེ་དང་འབྲེལ་ཡོད་ཀྱི་བགྲོ་གླེང་ཚོགས་འདུ་ཞིག་བསྐོངས་པ་ཡིན། སྐབས་འདིའི་ཚོགས་ཞུགས་པ་ཚོས་ཐུགས་ཁུར་བཞེས་ཕྱོགས་དང་དམིགས་བསལ་གྱི་འབྲེལ་བ་ཡོད་པར་བརྟེན། ཕྱི་ཚེས་༧ཉིན་གྱི་དགུང་དྲོར་ཁྲིམས་ལུགས་མཁས་དབང་གྲགས་ཅན་དང་སློབ་ཆེན་དེའི་རྩ་ཁྲིམས་གྱི་སློབ་དཔོན་ཆེན་པོ་ཇན་མེ་སི་རོན་ཡན་(James E Ryan)གདན་དྲང་ནས་ཚོགས་ཞུགས་པ་ཚོ་ལ་རྩ་ཁྲིམས་ཀྱི་ངོ་བོ་དང་། བྱེད་ལས།གྲུབ་ཆ་བཅས་ཐད་གསུང་བཤད་གལ་ཆེན་གནང་ཡོད། བགྲོ་གླེང་ནང་དངོས་སུ་མཉམ་ཞུགས་གནང་མཁན་ཨ་རིའི་རྒྱལ་ས་ཝཱ་ཤིན་ཏོན་དང་། ནིའུ་ཡོག་གྲོང་ཁྱེར་ནས་ཕེབས་ཡོད་པར་མ་ཟད། བོད་བཙན་བྱོལ་གཞུང་གི་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་དང་རྒྱ་ནག་སྲིད་དོན་ཁྱད་མཁས་པ་སྐྱབས་རྗེ་ཨ་ཀྱཱ་རིན་པོ་ཆེ་མཆོག་གཉིས་ཀྱིས་ཀྱང་སྔ་རྗེས་སུ་(Skype)དྲ་བརྙན་བརྒྱུད་དེ་མཉམ་བཞུགས་གནང་ཡོད།
ཙི་ཙི་ལ་སྙིང་རྗེ་མ་བྱེད།
གཙང་བུ
འདི་ནས་བརྩིས་པའི་བགྲང་བྱ་བཅོ་བརྒྱད་སྔོན་གྱི་ཉིན་ཞིག་ལ།
ང་ཟ་ཁང་དུ་འགྲོ་བའི་ལམ་བར་བྱི་ལ་ཚོ་ཞིག་གིས་ཙི་ཙི་ཆུང་ཆུང་ཞིག་བསྐོར་ནས་གསོད་གྲབས་བྱེད་ཀྱིན་འདུག
ང་ལ་སྙིང་རྗེ་ཡ་མ་ཟུང་ཞིག་སྐྱེས་ནས་བྱི་ལ་དེ་ཚོ་ཕར་ཕུད་ནས་ཙི་ཆུང་དེ་སྲོག་ལས་བསྐྱབས་པ་ཡིན།
ཙི་ཙི་ཆུང་ཆུང་དེ་ཡིས་དབུགས་ཧལ་བཞིན་མཐེ་མོ་གནམ་ལ་སྒྲེང་སྟེ་སྨྲེ་ངག་དང་བཅས་སྲོག་བསྐྱབས་པ་ལ་བཀའ་དྲིན་ཆེ་ཟེར།
ངས་ཁོང་གི་ཡ་ངལ་བའི་རྣམ་འགྱུར་དེ་སེམས་ཀྱིས་མ་བཟོད་ནས་བྱམས་སྐྱོང་དང་གཅེས་སྤྲོས་བྱས་ཤིང་།
བྱི་ལ་ཡོད་ཚོད་ལ་ཕོག་ཐུག་གཏོང་གང་ཐུབ་བྱས།
མཚམས་དེར་ཁོས་ཀྱང་ང་ལ་ཨ་ཕ་ཞེས་འབོད་ལ་ཨ་མ་ཡང་ཟེར།
སྐབས་འགར་སྲོག་སྐྱོབ་ཀྱི་དྲིན་ཅན་ཡང་ཟེར།
ཡབ་མེས་གོང་མའི་གཟི་བརྗིད་དྲན་བྱུང་།
རིག་འཛིན།
ལྷ་ལྡན་བོད་ཡུལ་ཆོས་ཀྱི་ཞིང་སར།།
དམ་ཆོས་བདུད་རྩིའི་ཆོས་ཆར་མ་འབབ།།
གདོང་དམར་བུ་ཕྲུག་ཐན་པས་རྡུང་དུས།།
ཡབ་མེས་བཙན་པོའི་མངའ་ཐང་དྲན་བྱུང་།།
གངས་ཅན་ལྗོངས་ཀྱི་ཕ་ས་དྲོད་མོར།།
ཡ་རབས་བཟང་པོའི་ནོར་བུའི་བང་མཛོད།།
མ་རབས་ཇག་པས་ཉིན་བཞིན་བཅོམ་དུས།།
ཡབ་མེས་བཙན་པོའི་གཟི་བརྗིད་དྲན་བྱུང་།།
མི་ལ་ནད་ཡམས་ཕོག་པ།
རྩོམ་པ་པོ་རྒྱ་བཀྲ་དོན།
དུས་རླུང་ཤུགས་ཀྱིས་ལྡིང་བའི་སྔ་ནུབ་ཏུ
ཉི་མ་ཤར་སྟངས་ལས་ནད་ཡམས་ཤིག་གང་སར་ཁྱབ
མིའི་སེམས་སུ་ཕོག་སོང་ལ ཁ་ལྕེ་ལའང་ཕོག་སོང་
ཡིན་ནའང མི་འདི་དག་གིས་རང་སེམས་རང་གིས་གསོས་ཏེ
ཁ་ལྕེ་ལྐུགས་མེད་ཚུལ་གྱི་གནས་ལུགས་རེ་ཟུང་བགྲང་ཁུལ་བྱས
བསམ་ཤོག་བསྡུ་ལེན་གྱི་ལས་རིམ།
ཐེ་བོ་དཀོན་མཆོག་ཤེས་རབ་དང་། གྲགས་པ་རྒྱ་མཚོ་གཉིས་ནས་ཕུལ།
ཀུན་གྱིས་མཁྱེན་གསལ་ལྟར་རིང་མིན་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཚོགས་ལ་ཉེ་བའི་སྐབས་འདིར་བོད་དོན་ལ་དོ་སྣང་ཅན་དང་། ཉམས་ཞིབ་པ་སོགས་ཀྱིས་གནས་ཚུལ་འདྲ་མིན་ཞིག་དྲ་ཐོག་དང་། བརྒྱུད་ལམ་ཁག་ལ་སྤེལ་གྱིན་ཡོད་ཅིང་། ལྷག་དོན་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོའི་སྐུ་དབང་དང་། བོད་གཞུང་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ཀྱི་འཛིན་སྐྱོང་གི་བཅའ་ཁྲིམས་རིན་པོ་ཆེ་ལ་འཕོ་འགྱུར་འགྲོ་བཞིན་པའི་གནས་སྐབས་སུ། བཙན་བྱོལ་ནང་གི་ས་གནས་ཁག་གི་ནང་མང་ཚོགས་ཀྱིས་བསམ་ཚུལ་འདྲ་མིན་བཏོན་བཞིན་པ་རེད། འོན་ཀྱང་བསམ་ཚུལ་ལ་བདག་པོ་རྒྱག་རྒྱུ་དང་དེ་ལ་དབྱེ་ཞིབ་བྱེད་མཁན་དཀོན་པོ་རེད། དེར་བརྟེན་ངའི་རོགས་པ་རྒན་དཀོན་མཆོག་ཤེས་རབ་ང་དང་ང་གཉིས་ཀྱིས་དང་བླངས་ཐོག་ནས། བལ་ཡུལ་ནང་གི་ཤེས་ཡོན་ཅན་གྱི་སྡེ་ཚན་ཁག་གི་བསྟི་གནས་སློབ་གྲྭ་དང་དགོན་པ། དེ་བཞིན་སྤྱི་ཚོགས་ནང་བོད་དོན་ལ་དོ་སྣང་ཡོད་མཁན་གྱི་རིགས་ལ་ད་རེས་བསམ་ཤོག་བསྡུ་ལེན་གྱི་ལས་རིམ་ཞིག་གོ་སྒྲིག་ཞུས་ཡོད་ཅིང་། དེ་བྱེད་དགོས་དོན་ཡང་གོང་དུ་བརྗོད་པ་ལྟར་མང་ཚོགས་ཀྱི་བསམ་ཚུལ་གལ་ཆེ་བ་རྣམས་ཚོགས་ཆེན་ཐོག་འབུལ་རྒྱུའི་འབད་བརྩོན་བྱས་པ་ཡིན། དེས་ན་ད་རེས་ཀྱི་ལས་རིམ་འདིའི་ནང་གལ་གནད་ཆེ་བའི་དོན་ཚན་ཁག་མི་འདྲ་བ་བཞི་བདམས་བཀོད་བྱས་ཡོད།