༄༅། །ལྷར་བཅས་སྲིད་ཞིའི་གཙུག་ནོར་༧གོང་ས་ལྷ་མིའི་རྣམ་འདྲེན་༧སྐྱབས་མགོན་༧རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་༧ཞབས་པད་མངོན་མཐོའི་དྲུང་དུ།
སྒོ་གསུམ་གུས་འབངས་ཨ་རིའི་རྒྱལ་ས་མངའ་ཁུལ་བོད་རིགས་སྤྱི་མགྲིན་ནས་དཔྲལ་བ་ས་ལ་གཏུགས་ཏེ་གསོལ་བ་རྩེ་གཅིག་ཏུ་འདེབས་པའི་སྙིང་པོར། མགོན་པོ་གང་གིས་༧སྐུ་ན་ཕྲ་མོ་ནས་བོད་ཀྱི་རྒྱལ་སྲིད་ཆོས་སྲིད་ཀྱི་ཐུགས་འགན་གཙང་བཞེས་གནང་བ་ནས་གངས་ཅན་བོད་འབངས་ཀྱི་འཕྲལ་ཕུགས་བདེ་རྩར་གཟིགས་ཏེ་ཆབ་སྲིད་ལམ་ལུགས་བཅོས་བསྒྱུར་ཐོག་དམིགས་བསལ་གྱི་ཐུགས་འགན་བཀྲིན་ཆེ་བཞེས་མཛད་ཡོད་པ་དང་།
དེ་རྗེས བཙན་བྱོལ་དུ་ཕེབས་མ་ཐག་གཞུང་གི་སྒྲིག་འཛུགས་བསྐྱར་གསོ་དང་འབྲེལ་མང་གཙོའི་ལམ་སྲོལ་གསར་གཏོད་ཀྱིས་ད་ཆ་མང་གཙོའི་མཚན་ཉིད་དང་ཆ་ལག་ཡོངས་སུ་རྫོགས་པ་ཞིག་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་དངོས་སུ་ལག་བསྟར་ཐུབ་པ་དེ་ནི་མགོན་པོ་མཆོག་གི་རྨད་བྱུང་ཐུགས་རྗེ་བཀྲིན་ཁོ་ན་ལས་བྱུང་བ་ཞིག་ཡིན་པར་བདག་ཅག་བོད་འབངས་ཡོངས་ཀྱིས་དུས་རྟག་ཏུ་བཀྲིན་རྗེས་དྲན་ཞུ་བཞིན་ཡོད།