བརྩེ་དུང་ཟེར་བ་འདི་ག་རེ་རེད། མཚན་ཉིད་སྨྲ་མཁན་ཞིག་ཡིན་ན། མཚན་ཉིད་འཇོག་དཀའ་བའི་དངོས་པོ་ཞིག་དགོས་ན་བརྩེ་དུང་ཟེར་བའི་ཡིག་འབྲུ་གཉིས་ཁྱེར་ཞོག
བརྩེ་དུང་ཟེར་བ་འདི་ཨེ་ཤེས་ལགས། མི་ཤེས་ན། དྲང་བདེན་སྨྲ་མཁན་ཞིག་གི་མིག་ངོར་ཆེས་ཕྱོགས་མཐར་ལྷུང་བའི་དངོས་པོ་ཞིག་རེད།
བརྩེ་དུང་ནི། འདི་འདྲ་ཞིག་རེད། གནས་ལུགས་དང་རྒྱུ་མཚན་བཤད་ནས་ཁམས་གསུམ་དབང་དུ་སྡུད་མཁན་ཞིག་ཡིན་ནའང་། བརྩེ་དུང་གི་མདུན་ཁོ་ནར་ཁོས་སྨྲ་བ་མེད་པའི་བརྟུལ་ཞུགས་མ་བཟུང་རང་བཟུང་ཆགས་ཀྱི་ཡོད།
སྙིང་གི་ཚིལ་ལུ། ཆུང་འདྲིས་བྱམས་པར་ཕུལ་བའི་མཐའ་མའི་བརྩེ་འཕྲིན་ཞིག
ཚེ་རིང་སྐྱིད་ཀྱིས།
སྙིང་ཉེ་བའི་རྒྱང་རིང་གི་མི་ཡ། ངས་མིག་ཆུ་མེད་པའི་སྡུག་བསྔལ་གྱི་གཏིང་རིམ་ཞིག་ཏུ་ཁ་གཏད་དུ་འབར་གྱིན་པའི་མེ་རླབས་དང་དེའི་ནང་དུ་ཙག་སྒྲ་དང་བཅས་འབར་གྱིན་པའི་ཉིན་ཐོ་འབྲི་དེབ་དེ་ཚོར་ཅེར་བཞིན། འདས་དོན་གྱི་གཏམ་རྒྱུད་གསལ་གསལ་ཐིང་ཐིང་ཕྱིར་དྲན་གྱི་ངོགས་སུ་དྲངས། ངས་བརྗེད་མེད་པའི་ལོ་ཟླ་རེ་རེ་དང་དུས་ཚིགས་རེ་རེ་ནི་ངའི་མཛེས་པའི་ལང་ཚོའི་དཀྱོགས་མཚམས་རེ་རེ་དང་འདྲ་ལ། ཁྱེད་ཉིད་དྲན་ཤིང་བར་བཅུག་ཏེ་ལོ་ཟླ་གང་མང་ཤོར་སོང་བར་འཛུམ་མདངས་དང་ཁེར་བཤད་ཅིག་གིས་བདེ་མོ་འཇོག་དགོས་བྱུང་།
སློབ་ཆུང་ལོ་རིམ་དྲུག་པ་ནས་ང་རང་ཁྱེད་ཉིད་དང་བྲལ་བ་མེད་པའི་གྲིབ་མ་དེར་གྱུར་ཞིང་། ངས་རང་གི་མི་ཚེ་དམིགས་ཡུལ་ཡང་ཁྱེད་ཁོ་ན་ཡིན་པར་འདོད་དེ། ཁྱེད་ཉིད་ནི་ང་ལ་ཐོབ་འདོད་པའི་མངའ་ཐང་དང་ལོངས་སྤྱོད་ཁོ་ན་དེ་ཡིན་པར་འདོད། ཁྱེད་ཀྱིས་ཨེ་ཤེས།
དེ་ལས་མང་བ་། “སྙིང་གི་ཚིལ་ལུ། ཆུང་འདྲིས་བྱམས་པར་ཕུལ་བའི་མཐའ་མའི་བརྩེ་འཕྲིན་ཞིག” »