མདོ་འདུམ་ཚང་།
“བོད་ཚོ་མེད་ན། ཁྱེད་ཚོའི་འཛིན་གྲྭའི་རྒྱ་ཡིག་དགེ་རྒན་སུག་ཐུང་དེར་ཡོང་ཡུས་ (ཞོག་ཁོག)ཟ་རྒྱུ་ཡོད་ནི་མ་རེད།” འདི་དགེ་རྒན་རབ་བརྟན་གྱི་སྐད་ཆ་རེད།
ཁོང་ང་ཚོའི་སློབ་གྲའི་རྩལ་སྦྱོང་དགེ་རྒན་ཡིན། ང་ཚོའི་སློབ་གྲ་དབྱི་ཧྥུ་མི་རིགས་སློབ་འབྲིང་ཡིན། ང་དམའ་འབྲིང་དང་པོའི་འཛིན་གྲ་བཞི་བ་ཡིན།
བདུན་རེ་ལ་རྩལ་སྦྱོང་འཛིན་གྲ་གཅིག་རེ་མ་གཏོགས་མེད། རྩལ་སྦྱོང་འཛིན་གྲ་རེ་སླེབས་ན། ང་ཚོས་དགེ་རྒན་རབ་བརྟན་གྱི་རྩ་ནས་རྒྱ་ལ་མི་དགའ་བའི་རྣམ་འགྱུར་རེ་མཐོང་།
དེ་དུས། རྣམ་འགྱུར་དེ་འཇིག་ཡེར་བ་ཞིག་ཡིན། དེང་སང་རྒན་དེའི་རྣམ་འགྱུར་དེ་བསྐྱར་དུ་མཐོང་འདོད་ཅིག་འདུག ང་ཚོའི་འཛིན་གྲའི་རྒྱ་ཡིག་དགེ་རྒན་དེ་རྒྱ་མོ་ཞིག་ཡིན།
རྒྱ་མོ་དེ་སུག་ཐུང་ཞིག་ཀྱང་ཡིན། དེ་བདེན་པ་ཡིན། རྒྱ་མོ་དེ་སློབ་གྲའི་དགེ་རྒན་ཚོའི་ཁྲོད་ཀྱི་གཟུགས་ཐུང་ཤོས་དེ་ཡིན། སྐབས་དེ་དུས། དམའ་འབྲིང་དང་པོར་འཛིན་གྲ་བཞི་ཡོད།
དམའ་འབྲིང་དང་པོའི་དང་པོ་དང་དང་པོའི་གཉིས་པ། དང་པོའི་གསུམ་པ་བཅས་ལ་ལོ་རྒྱུས་དང་རྩིས་རིག སྐྱེ་དངོས། དངོས་ལུགས། ས་ཁམས་བཅས་ཚང་མ་བོད་ཡིག་ཏུ་འཁྲིད་བཞིན་ཡོད།
དམའ་འབྲིང་དང་པོའི་བཞི་བ་གཅིག་པོ་དམིགས་བསལ་ཡིན། ང་ཚོའི་འཛིན་གྲར་བོད་ཀྱི་སྐད་ཡིག་དེ་མ་གཏོགས། སློབ་ཚན་གཞན་པ་ཚང་མ་རྒྱ་ཡིག་ཏུ་འཁྲིད་བཞིན་ཡོད།
ང་ཚོའི་འཛིན་གྲའི་མིང་ལ་ཡང་རྒྱ་ཡིག་འཛིན་གྲ་ཟེར། འོན་ཀྱང་། ང་ཚོའི་འཛིན་གྲའི་སློབ་ཕྲུག་ཚོའི་རྒྱ་སྐད་རྒྱ་ཡིག་དེ། འཛིན་གྲ་གཞན་པ་ཚོའི་རྒྱ་སྐད་རྒྱ་ཡིག་ལས་དམིགས་བསལ་གྱིས་ཡག་པ་མེད།