དེ་རིང་ ༢༠༡༠ ལོའི་ཟླ་ ༡༠ ཚེས་ ༡༠ ཉིན་གྱི་ཆུ་ཚོད་ ༡༠ ཐོག་ ཨ་རིའི་ཨིན་ཌི་ཡ་ན་ ནས་ ཁེ་ཎ་ཌའི་ཊོ་རོན་ཊོའི་བར་གྱི་ རང་བཙན་གོམ་བགྲོད་དེ་མགོ་འཛུགས་བྱས་ཡོད་པ་དང་། གོམ་བགྲོད་པ་ནི་སྐུའི་གཅེན་པོ་ལྟག་མཚེར་རིན་པོ་ཆེའི་སྲས་འཇིགས་མེད་ནོར་བུ་དང་། དེ་བཞིན་ཝི་ཏི་ནམ་ནས་ཡིན་པའི་སྐུ་ཞབས་མཐའ་ཡས་གཉིས་པ་ཡིན་པ་རེད། ཉིན་དང་པོར་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ བཅུ་ཕྲག་ཙམ་གྲོང་ཁྱེར་གྱི་རྒྱལ་སའི་ཁྲོམ་དཀྱིལ་དུ་འཛོམས་པ་དང་། སྒོ་མང་དགེ་བཤེས་སྦྱིན་པ་བསོད་ནམས་མཆོག་གིས་ཐུགས་སྨོན་གནང་བ་དང་། དེ་བཞིན་ས་གནས་ཀྱི་ཚོགས་པ་དག་གིས་རྒྱབ་སྐྱོར་གྱི་གསུང་བཤད་གནང་བ་དང་བཅས་གོམ་བགྲོད་མགོ་བཙུགས་ཡོད་པ་རེད།
ཉི་མ་འདི་ཚོར།
རྒྱལ་སྟོན་དུས་ཆེན་ཉིན་ལ་ཕུལ། བོད་འབྱོར་རྩོམ་་་་་་ལྷམ་ཀོག
ཉི་མ་འདི་ཚོར་སྤྲིན་པ་དེ་ཡང་ནད་པ་ཞིག་དང་མཚུངས་ཤིང
སྐེ་བསྒགས་ནས་གཞན་གྱིས་རྡུང་གིན་ཡོད་པ་དང་འདྲ
ཉི་མ་འདི་ཚོར་མེ་ལོང་དེ་ཡང་སླ་ང་བཞིན་ནག་རོག་གེར་སོང་ཞིང
ཅི་ཡང་འཆར་རྒྱུ་མི་འདུག་པའི་རྒན་པོ་ལོང་བ་དེ་དང་མཐུན་འདུག
ཉི་མ་འདི་ཚོར་མགོ་ཐོག་ན་བརྐྱངས་པའི་སྤྲིན་པ་དེ་ཡང་ཡོམ་སྣང་འདུག་ལ
རྐང་བའི་འོག་གི་ས་གཞི་འདི་ཡང་དངངས་སྙམ་སྐྱེས
ཉི་མ་འདིའི་སྟེང་ལ་ད་དུང་ཉི་མ་འདི་འདྲ་ཞིག་ཡོད་ཚེ
འཇིག་རྟེན་འདི་ནས་སྡོད་འདོད་སྐྱེས་པའི་མི་གཅིག་ཀྱང་ཡོད་མི་སྲིད་ལ
མི་གཅིག་ཡོད་པའི་དབང་དུ་བཏང་ན་དེ་ནི་ཀླད་རྩ་མི་ཚང་བ་ཞིག་ཡིན་ངེས
ངས་ཉི་མ་འདི་ལྟག་ཀ་ནས་དེད་དེ་མདུན་དུ་ཕུད་འདོད་ཀྱང
དེ་ནི་ངས་དུས་ཚོད་ལྟར་དུ་འདང་བརྒྱབས་པ་ལྟ་བུ་ཞིག་མ་ཡིན་པར
ཤིན་ཏུ་དཀའ་མོ་ཞིག་རེད
གལ་ཏེ་དེ་ལྟའི་ཤེད་ཤུགས་འདྲ་ཡོད་པའི་བསམ་བློ་བཏང་རུང
ལོ་རྒྱུས་འདྲ་ཆག་པོ་ཞིག་གིས་ལྟག་པར་འཐེན་ནས་ཐབས་ཤེས་ཁྱོན་ནས་མི་འདུག