མདོ་འདུམ་ཚང་།
བཙན་བྱོལ་དུ་བོད་མི་ཆིག་འབུམ་བཞི་ཁྲི་ཙམ་ཡོད། ད་ལོར་འོས་འཕེན་གྱི་ཐོབ་ཐང་ཡོད་མཁན་༨༨༣༡༢ཙམ་ཡོད། དངོས་སུ་དེབ་སྐྱེལ་བྱེད་མཁན་༧༩༤༤༩ཙམ་བྱུང་འདུག སྐབས་སྔོན་མ་དག་དང་བསྡུར་ན། དེབ་སྐྱེལ་བྱེད་མཁན་གྱི་གྲངས་འབོར་འཕར་བཞིན་ཡོད། ལོ་རེ་ནས་ལོ་རེར་འཕར་བཞིན་ཡོད། བཙན་བྱོལ་བོད་མིའི་མི་འབོར་གྱི་བརྒྱ་ཆ་བདུན་ཅུ་ཙམ་རྒྱ་གར་དང་བལ་ཡུལ་གཉིས་སུ་ཡོད། བཙན་བྱོལ་བའི་ལོ་རྒྱུས་ཁྲོད། ད་ལོ་ལྟ་བུའི་འོས་བསྡུའི་འཁྲུགས་ཆ་ཞིག་བྱུང་མྱོང་མེད། མི་མང་གི་ངོས་ནས་དང་བླངས་སྒོས་བཀའ་ཁྲི་འཚོལ་མཁན་ཇེ་མང་ལ་ཕྱིན། བཀའ་ཁྲིའི་འོས་མི་ཁྱབ་བསྒྲགས་ཀྱི་ཆེད་དུ་འཛམ་གླིང་ཡུལ་གྲུ་བསྐོར་མཁན་ཡང་བྱུང་། དང་བླངས་སྒོས་བཀའ་ཁྲིར་ལངས་མཁན་ཡང་ཇེ་མང་ལ་སོང་། ཇེ་མང་ལ་སོང་བ་ཙམ་ག་ལ་ཡིན། གཅིག་རྗེས་གཉིས་མཐུད་བྱས་ནས་ལངས་། མང་གཙོའི་འོས་བསྡུ་ལ་མི་མང་གིས་དོ་སྣང་ཆེན་པོ་འཇོག་བཞིན་པ་འདི་ནི་ཡར་རྒྱས་ཤིག་ཡིན། འོན་ཀྱང་། མང་གཙོའི་ཁྲིམས་དང་སྒྲིག་གཞིར་བརྩི་སྲུང་དང་ལག་ལེན་ཇི་ཙམ་ཡོང་གི་ཡོད་མེད་ད་ལྟ་བཤད་དཀའ་བ་ཞིག་ཡིན། བཙན་བྱོལ་གྱི་སྔོན་འགྲོའི་འོས་བསྡུ་དེ་འུར་འུར་ཚ་ཚའི་སྒོ་ནས་འགྲོ་བཞིན་པའི་སྐབས་སུ།
བལ་ཡུལ་དུ་འོས་སྒམ་བཙན་འཁྱེར་གྱི་གནས་ཚུལ་བྱུང་། གནས་ཚུལ་ཡིད་སྐྱོ་བ་དེ་བཙན་བྱོལ་བོད་མིའི་ལོ་རྒྱུས་ཁྲོད་བྱུང་བ་ཐེངས་དང་པོ་ཡིན། འོས་སྒམ་བཙན་འཁྱེར་དེའི་རྒྱབ་ན། ནང་གི་བཙན་གནོན་དེ་ཕྱི་རུ་སླེབས་བཞིན་པའི་མངོན་རྟགས་ཤིག་ཡོད།
བོད་ནང་དུ། བོད་མིས་མྱོང་བཞིན་པའི་བཙན་གནོན་དེ། ད་ལྟ་ཧི་མ་ལ་ཡའི་རྒྱབ་ལོགས་ཀྱི་བོད་མིའི་མང་གཙོའི་སྒང་ལ་ཡོང་རྒྱུའི་སྟ་གོན་བྱེད་བཞིན་འདུག འདི་ཉེན་ཁ་་གསར་བ་ཞིག་རེད། འབྱུང་འགྱུར་གྱི་ལོ་ཁ་ཤས་ནང་། ཉེན་ཁ་དེའི་རྣམ་པ་ཇེ་གསལ་དུ་འགྲོ་སྲིད། བལ་ཡུལ་དུ་འོས་སྒམ་བཙན་འཁྱེར་བྱས་རུང་། བོད་མི་ཚོས་སྔོན་འགྲོའི་འོས་བསྡུའི་གསལ་བསྒྲགས་ལ་སྒུག་བཞིན་ཡོད། བཀའ་ཁྲིར་ལངས་མཁན་ཚོས་ཉིན་སྒུག་མཚན་སྒུག་བྱེད་བཞིན་ཡོད།