ཀ་བཙན་བླ་མ་སྐྱབས། ཀ་དག་སྒྲ་བསྒྱུར་སྐར་ཚོགས་ཁྲོད་ན་ཟླ་བ་བཞིན་དུ་མངོན་པར་འཕགས།།
ཁ་མིན་དོན་གྱིས་རིགས་ཞེན་ཆེ་བས་རིག་གཞུང་ལས་ལ་མི་ཚེ་བསྟིམས།།
ག་དུས་ཡིན་ཡང་དལ་ལྷོད་མེད་པར་ཤེས་བྱའི་དོ་ར་ལེགས་སྐྱོང་མཁན།།
ང་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་སློབ་དཔོན་མཆོག་ལ་མྱ་ངན་ཞུ།།
གཞས་མ་གྲགས་ཅན་ཞིག་ལས་འཕྲོས་པའི་གཏམ།
ཆབ་མདོ་ངག་ཕུན། དེ་རིང་ངས་གླེང་འདོད་པ་ནི་བོད་ཀྱི་ཉེ་རབས་གཞས་མ་གྲགས་ཅན་ཟླ་སྒྲོན་ལགས་ཡན་ཞིང་། ང་བཙན་བྱོལ་དུ་སླེབས་པ་དང་། སྐབས་དེ་དུས་ད་ལྟ་ནང་བཞིན་ཁ་པར་དར་མེད་པ་དང་། གཞས་རྣམས་སྒྲ་སྡུད་ཕབ་འཕྲུལ་བརྒྱུད་ནས་ཉན་དགོས་པ་ཞིག་རེད། སྐབས་དེར་ང་ལ་ལས་གླ་དེ་ཙམ་མེད་ནའང་ཨུ་ཚུགས་བརྒྱབ་ནས་དངུལ་བསགས་ནས་སྒྲ་སྡུད་ཕབ་འཕྲུལ་ཞིག་གསར་དུ་ཉོ་ཐུབ་པ་བྱུང་། དེ་ནས་ཟླ་སྒྲོན་ལགས་ཀྱི་བཏང་གནང་བའི་སྒྲ་ཐག་གཉིས་མེག་གྷན་ཁྲོམ་གཞུང་དུ་ཚོང་རྒྱུ་འདུག་པ་དང་། སྒྲ་ཐག་རེ་རེར་སྒོར་ལྔ་བཅུ་ཡིན་ནམ་ད་ལྟ་ཡག་པོ་ཟིག་དྲན་གྱི་མི་འདུག་ཅིང་། གང་ལྟར་སྒྲག་ཐག་ཉོས་ནས་དུས་ཚོད་ག་དུས་ཁོམ་ན་བོད་གཞས་དེ་དག་ཉན་བཞིན་ཡོད་པས། སེམས་ནང་སྤྲོ་སྣང་རེ་སྟེར་གྱི་ཡོད། ཉིན་གཅིག་ཟླ་སྒྲོན་ལགས་དྷ་ས་འབྱོར་ཡོད་པ་གོ་བ་དང་། འགའ་ཤས་ཀྱིས་བརྗོད་ན་སྐབས་དེ་དུས་བོད་གཞུང་གི་ལས་བྱེད་དབྱར་སྐྱིད་ཡིན་ནམ་གང་ལྟར་བཀའ་ཤག་ཚོགས་ཁང་དུ་ཟླ་སྒྲོན་ལགས་ཀྱིས་བོད་གཞས་བཏང་བ་རེད་ཟེར་ནས་རྗེས་སུ་གོ་ཐོས་བྱུང་། དུས་དེ་ནས་བཟུང་སྟེ་ཟླ་སྒྲོན་ལགས་གོ་རྒྱུ་འཚོ་རྒྱུ་གང་ཡང་མི་འདུག་ཅིང་། ཟླ་སྒྲོན་ནི་གཞིས་ལུས་བོད་མི་རྣམས་ཀྱི་སྙིང་སྟོབས་མཚོན་པའི་གཞས་མ་གྲངས་ཅན་ཞིག་ཡིན་ལ། གཞིས་ལུས་བོད་པའི་སྤྱི་ཚོགས་ནང་དུ་སྙན་གྲགས་ཆེ་ཞིང་། ཞིང་འབྲོག་མི་དམངས་ཀྱི་དགའ་མོས་ཆེན་པོ་ཡོད་མཁན་གྱི་བུད་མེད་གཞས་མ་གྲགས་ཅན་ཞིག་ཀྱང་ཡིན་པ་རེད། བོད་མི་རིགས་གཞན་གྱི་བཙན་གནོན་འོག་ཏུ་དཀའ་སྡུག་དུ་མའི་འོག་ཏུ་གནས་དགོས་རུང་འཇིག་ཞུམ་མེད་པ་དང་། ཡིད་འོང་མཛེས་སྡུག་་གི་ལང་ཚོ་ལྡན་ཞིང། གདེངས་སྤོབས་ལྡན་པའི་ཐོག་ནས་གར་སྟེགས་ཐོག་ཏུ་བོད་ལ་གྱོན་ཞིང་བོད་གཞས་བཏང་ནས་མདོ་དབུས་ཁམས་གསུམ་གྱི་མང་ཚོགས་ལ་སྙིང་སྟོབས་དང་སྤོབས་པ་སྤྲོད་མཁན་གྱི་གཞས་མ་ཞིག་ཀྱང་ཡིན། ལྷག་པར་ཕྱི་ལོ་ ༡༩༥༩ ལོར་༸རྒྱལ་བ་རིན་པོ་ཆེ་གཙོས་སྐུ་འཁོར་ཧྲག་བསྡུས་ཤིག་བོད་མི་རིགས་དང་། ཡང་སྒོས་སངས་རྒྱས་བསྟན་པའི་དོན་དུ་སྐུ་སྲོག་ལ་མ་འཛེམས་པ་ལ་ལུང་དུ་མ་བརྒལ་ནས་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད། བཙན་བྱོལ་དུ་ངོ་ཤེས་པ་ནི་གནམ་དང་ས་ལས་མེད་ནའང་གྲ་སྒྲིག་སྡུག་ས་དང་། རེ་བ་བཟང་སར་སྐྱོན་གནང་མཛད་དེ་རིམ་གྱིས་བཙན་བྱོལ་དབུས་སྒྲིག་འཛུགས་མ་ལག་དང་བཅས་པ་གསར་འཛུགས་མཛད་ཅིང་། འཛམ་གླིང་སྟེང་དུ་ཆབ་སྲིད་ཀྱི་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བ་འགྲུབ་འབྲས་གཟེངས་སུ་ཐོན་པ་བྱུང་ཡོད། བོད་མི་རིགས་འདི་ཉིད་སའི་གོ་ལའི་ཐོག་ཏུ་མ་ཡལ་བར་གསོན་པོར་གནས་ཐུབ་པ་བྱུང་ཡོད། རྒྱ་གཞུང་གིས་བོད་མི་རིགས་དྲག་པོའི་ཁྲག་དྲི་ཁ་བའི་སྡེབ་གསོད་ཀྱི་ལས་འགུལ་དེའི་འོག་དམངས་གཙོའི་བཅོས་བསྒྱུར་དང་ས་ཞིང་བཅོས་བསྒྱུར་སོགས་ཀྱི་ལས་འགུལ་སྤེལ་ནས། གྲལ་རིམ་དབྱེ་འབྱེད་ཀྱིས་སྐུ་དྲག་དང་དགོན་ཁག་གི་ས་ཞིང་དང་། ཕྱུགས་རིགས། ཞིང་ལས་རྒྱུ་ཆ། ས་ཁང་སོགས་བོད་མི་དབུལ་ཕོངས་ཚོར་བགོས་འགྲེམས་བྱས་ཏེ་བོད་མི་མང་ཚོགས་ཀྱི་བསམ་བློའི་རྒྱབ་སྐྱོར་དེ་རྒྱ་ནག་གཞུང་ལ་ཐོབ་པར་རྩོད་ལེན་བྱས་ཡོད་པ་རེད། འོན་ཀྱང་བོད་མི་རིགས་ཀྱི་སྲོག་ལས་གཅེས་པའི་ཆོས་རིག་དང་ལོ་རྒྱུས་ཀྱི་གཅེས་ནོར་དེ་དག་རྒྱ་གཞུང་གིས་རྩ་མེད་བཟོས་པ་དང་། བོད་ཁམས་ཡོངས་སུ་སྔར་མཐོང་མྱོང་མེད་པའི་དྲག་པོའི་སྟོབས་ཤུགས་གཞན་ཞིག་གིས་ཁྲག་དྲི་ཁ་བའི་བཙན་མནོན་དང་འཕྲོག་བཟུང་དེ་བཞིན་གསོད་བརྡུང་བྱས་པར་བརྟེན་བོད་མི་དམངས་ཀྱི་བསམ་བློའི་རྒྱབ་སྐྱོར་ཐུབ་རྒྱུ་ཕར་བཞག།།དེ་ལས་ལྡོག་སྟེ་བོད་མི་རིགས་རྣམས་རྒྱ་གཞུང་ལ་མི་དགའ་བའི་རྣམ་འགྱུར་མངོན་གསལ་དོད་དུ་འགྲོ་བ་དང་འཁོན་འཛིན་ཆེ་རུ་ཕྱིན་ཏེ་རྒྱ་གཞུང་ལ་ངོ་རྒོལ་རྒྱུན་ཆད་མེད་པར་བྱུང་བཞིན་པ་དེ་རེད། ལྷག་དོན་རིག་གསར་སྐབས་སུ་རྒྱ་གཞུང་གིས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་མེར་བསྲེགས་པ་དང་། ཆུར་སྐྱུར་བ། བོད་མི་བསམ་ཡོད་ཅན་རྣམས་ཉེས་མེད་བཙོན་འཇུག་གི་རྡུང་རྡེག་དྲག་བཏང་སྟེ་དམར་གསོད་བཏང་གི་ཡོད་པ་རེད། ད་དུང་རྒྱ་གཞུང་གིས་དངོས་ཡོད་དང་ཁྱོན་ནས་མི་མཐུན་པའི་ཁྲམ་རྫུན་བཤད་ནས་ཞིང་བྲན་ཁྲི་ཚོ་བརྒྱར་ཚེ་སྲོག་གསར་པ་ཐོབ་ཡོད་ཚུལ་འུར་སྒྲོག་བྱས་དང་བྱེད་བཞིན་ཡོད། ལྷག་དོན་བོད་ནང་གི་དངོས་ཡོད་གནས་ཚུལ་དེ་དག་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་སྲོག་ལ་འཇིགས་ཞུམ་མེད་པའི་ཐོག་རྒྱ་ནག་གི་འགོ་ཁྲིད་ཚོར་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་འབུལ་བའི་རྐྱེན་གྱིས་བཙོན་ཁང་དུ་བཞུགས་དགོས་བྱུང་ནས་སྐུ་ངལ་ཚད་ལས་འདས་པ་མྱོང་དགོས་བྱུང་ཡོད། མཐའ་མཇུག་༸སྐུ་གཟིགས་པཎ་ཆེན་རིན་པོ་མཆོག་གིས་དེ་སྔོན་རིག་གསར་སྐབས་གཏོར་སྐྱོན་ཤོར་བའི་པཎ་ཆེན་རིམ་བྱོན་གྱི་གདུང་རྟེན་མཆོད་ཁང་གསར་བཞེངས་མཛད་ཅིང་། དེའི་མཛད་སྒོ་ཐོག་ཏུ་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་བཀའ་སློབ་ལས། “ཡིན་ནའང་རང་ཅག་ཚོས་བློས་བཏང་བའི་གྱོང་གུན་གྱི་རིན་ཐང་དང་། ཡར་རྒྱས་ཕྱིན་པའི་གྲུབ་འབྲས་ཀྱི་རིན་ཐང་གཉིས་བསྡུར་ནས་བཤད་ན། གྲོང་གུན་གྱི་རིན་ཐང་དེ་དེ་བས་ཆེ་བ་ཆགས་ཡོད།” ཅེས་གོང་གི་བཀའ་སློབ་སྡོམ་ཚིག་ལས་རྒྱ་གཞུང་གིས་བོད་ལ་ཡར་རྒྱས་གནམ་ས་ཨ་ལོག་ལྟ་བུ་གྱུར་ཡོད་ཚུལ་ག་ཚོད་བཤད་རུང་བོད་ལ་གོད་ཆགས་ག་ཚོད་བཏང་ཡོད་མེད་ཤེས་ཐུབ་པ་ཞིག་ཀྱང་རེད་སྙམ། ཕྱི་ལོ་ ༢༠༢༤ ལོའི་ཟིན་རྗེས་ངོ་དེབ་སོགས་སུ་བོད་ཀྱི་སོ་ནམ་ལོ་གསར་གྱི་གཞས་དང་ཞབས་བྲོ་ཁྲབ་པ་སོགས་བལྟ་རྒྱུ་འདུག་ཅིང་། དེ་དག་ནང་ནས་ང་ལ་སེམས་ནང་སྨྲ་མི་ཤེས་པའི་འཚོ་བ་ཞིག་བྱུང་བ་ནི། ཨ་རིར་གནས་གཞི་གནང་བའི་དབུས་གཙང་ཆོལ་ཁའི་བོད་ཀྱི་སོ་ནམ་ལོ་གསར་གོ་སྒྲིག་གནང་སྟེ་བོད་ཀྱི་གཞས་མ་ཟླ་སྒྲོན་ལགས་ལ་གཟེངས་རྟགས་གནང་བ་དང་། དེ་སྔོན་བཏང་ཟིན་པའི་གཞས་དེ་དག་བསྐྱར་དུ་བཏང་གནང་ཞིང་། དེ་དག་མཐོང་དུས་སེམས་ནང་དུ་དགའ་སྣང་དཔག་མེད་སྐྱེས་པ་དང་འབྲེལ་སེམས་ནང་དུ་ན་ཟུག་ཅིག་དང་བསྟུན་བསམ་གཞིག་མ་བྱས་ཀ་མེད་ཅིག་བྱུང་སོང་། ཅི་ཡི་ཕྱིར་ང་ཚོའི་སྤྱི་ཚོགས་ཀྱི་སྒྱུ་རྩལ་པ་དག་ལ་རིན་ཐང་ཞིག་སྤྲད་མི་ཐུབ་པའི་རྒྱུ་མཚན་གང་ཞིག་ཡིན་ནམ། ང་ཚོའི་སྒྱུ་རྩལ་པ་དང་། ཤེས་ཡོན་ཅན་ལ་རིན་ཐང་དང་།…