སྨན་རམས་པ་དཀོན་མཆོག་ཚེ་བརྟན། མདོ་སྨད་རེབ་གོང་ནས་སྐྱེས། སྤྱི་ལོ་༡༩༩༥ལོ་ནས་བཟུང་སློབ་ཞོར་དུ་རོང་བོ་དཔལ་གྱི་དགོན་ཆེན་དང་རྨ་ལྷོ་བོད་ལུགས་སྨན་ཁང་དུ་དགེ་བཤེས་འཇིགས་མེད་བརྩོན་འགྲུས ། དབྱིག་གཉེན། ལྷ་རྗེ་བྲག་སྣ་བའི་རང་ལུགས་འཛིན་པ་དཀའ་ཐུབ་ཚེ་རིང་བཅས་ཀྱི་མདུན་ནས་བོད་ཀྱི་གསོ་བ་རིག་པའི་ཕྱི་མོ་དཔལ་ལྡན་རྒྱུད་བཞི་དང་མན་ངག་བཀའ་རྒྱ་མ། མན་ངག་ལྷན་ཐབས་སོགས་ཀྱི་ལུང་དང་ལག་ལེན་ཐོབ། སྤྱི་ལོ་༡༩༩༧ལོར་རེབ་གོང་མི་རིགས་དགེ་འོས་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས་ནུབ་བྱང་དགེ་འོས་སློབ་ཆེན་གྱི་དངོས་ཁམས་རིག་པ་དང་གློག་རྡུལ་ཆ་འཕྲིན་སྡེ་ཁག་ནས་དངོས་ཁམས་རིག་པ་བགྲང་བྱ་བཞིའི་རིང་སློབ་གཉེར་བྱས། ༡༩༩༨ལོར་ནག་རྒྱ་སྨན་རབས་དྲུག་པ་མི་བསྐྱོད་མཁས་གྲུབ་རྒྱ་མཚོ་མཆོག་དང་ཁོང་གི་ཐུགས་སྲས་སྔགས་འཆང་འཇིགས་མེད་རང་གྲོལ་རྣམ་གཉིས་ཀྱི་མདུན་ནས་མི་ཕམ་ལུགས་ཀྱི་རྩ་ཆུའི་འགྲེལ་བའི་ལག་ལེན་དམར་ཁྲིད། ནག་རྒྱ་སྨན་རབས་ཀྱི་མན་ངག་སྣ་ཚོགས། བཤད་རྒྱུད་ཀྱི་འགྲེལ་བ་ཟུར་མཁར་ཞལ་ལུང་དང་དེའི་མཐའ་དཔྱོད ། ཟུར་མཁར་བའི་ལུགས་ཀྱི་དབུ་རྐྱང་རོ་གསུམ་གྱི་རྒྱས་བཤད་དང་རྡོ་རྗེ་ལུས་ཀྱི་སྦས་བཤད་སོགས་ཤིན་ཏུ་ཕྲ་བའི་ལུས་དངོས་པོའི་རྣམ་གཞག་སོགས་ལ་བག་ཆགས་མི་དམན་པ་བཞག་མྱོང་།
མང་དྲགས་ན་གད་སྙིགས་རེད།
སྟག་སྨྱོན། སྔོན་མ་བོད་ལ་བླ་མ་དང་གྲྭ་བ་མང་དྲགས་ནས་སྐྱོན་ཆེན་པོ་ལྷག་པ་རེད། དེང་སྐབས་བོད་ལ་རྩོམ་པ་པོ་ཡིན་ཟེར་མཁན་མང་དྲགས་པའི་རྙོགས་དྲ་ཞིག་འགོ་ཚུགས་འདུག འོན་ཀྱང་བོད་ཀྱི་སྤྱི་ཚོགས་དང་སྒེར་གྱི་མི་ཚེ་གཉིས་ཀར་ཁ་ཡོད་ལག་ཡོད་ཀྱི་དགོས་མཁོ་ཆེ་བ་ནི་རྩོམ་པ་པོ་དང་སློབ་སྦྱོང་ཡོད་ཁུལ་གྱི་སློབ་གྲྭ་བ་དང་བླ་མ་གྲྭ་བ་ཁ་བདེ་བོ་ཚོ་མ་རེད། དཔེར་ན། གྲོས་ཚོགས་ནང་གི་ངོ་ཚ་རྒྱུ་མེད་པའི་གྲྭ་བ་འདི་ཚོ་རེད། འདི་ཚོ་དགོས་མཁོ་མེད་པའི་གད་སྙིགས་རེད། འདི་ཚོ་ཁྱི་ནང་བཞིན་ངར་ངར་བྱེད་རྒྱུ་ཙམ་ལས་གང་ཡང་མཇོན་གི་མ་རེད། བོད་ལ་མཁོ་བ་ནི་ས་ལས་རྡོ་ལས་སོགས་ལག་ཤེས་ཡོད་མཁན་དང་ལས་ཀ་ལས་ཐུབ་མཁན་མང་པོ་རེད། དེ་ནི་མི་འདུག ད་ལྟའི་ཤེས་ཡོན་སྲིད་ཇུས་ནི་བོད་ཕྲུག་ཚང་མ་ཁ་བདེ་བོ་བཟོ་རྒྱུ་ཙམ་རེད། བོད་ཕྲུག་ཚོའི་ཀླད་པར་ཤེས་ཡོན་སྤྲོད་རྒྱུ་ལས་ཀྱང་བོད་ཕྲུག་ཚོའི་ལག་པར་ལག་ཤེས་སློབ་སྦྱོང་སྤྲོད་རྒྱུ་གལ་ཆེ་ཤོས་རེད། དུས་རབས་འདིའི་ནང་ལག་ཤེས་ནི་འབྲོག་པའི་ནོར་ལུག་དང་རོང་བའི་ས་ཞིང་གི་དོད་རེད། ལག་ཤེས་མེད་པའི་མི་རིགས་དང་རྒྱལ་ཁབ་དེ་པ་མགོ་རེད། བོད་མི་རིགས་ཀྱི་ལག་པས་ལས་ཀ་ཆུང་ཆུང་ཞིག་ཀྱང་ལས་མི་ནུས་པའི་ཞ་བོ་རེད། འདི་ལ་ཕན་པའི་སྲིད་ཇུས་ཞིག་མཁོ། བོད་ལ་མཚོན་ན་ལག་ཤེས་ནི་དཔལ་འབྱོར་གྱི་ཡོང་ཁུངས་རེད། ཤེས་ཡོན་ནི་རྙོགས་དྲ་བཟོ་སྤྱད་རེད། ལག་ཤེས་དཔལ་འབྱོར་རེད། ཤེས་ཡོན་རྙོག་དྲ་རེད། (སྟག་སྨྱོན་གྱི་ཟིན་བྲིས་ནས་བླངས། )