དགེ་བཤེས་མཆོག་ལ་ཕུལ།
འདབ་པ་ཚེ་དབང་མགོན་པོས་དགེ་བཤེས་མཆོག་ལ་ཕུལ། ཤར་རྒྱལ་བ་ཙོང་ཁ་པ་བློ་བཟང་གྲགས་པ་ཁོང་ལ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་བརྩེ་བས་རྗེས་སུ་བཟུང་ཞིང་། ཞལ་གཟིགས་པ་སོགས་ཀྱི་སྐོར་ལ་གླང་རི་བ་ཐུབ་བསྟན་སྦྱིན་པས་ཡིག་ཚོགས་དང་། འབེལ་གཏམ་མང་པོ་ཞིག་སྤེལ་ཡོད་པར་སྐྱེ་བོ་སུས་ཞིག་མཐོང་ཡང་སྤྲོ་སྣང་ཆེ། དེའི་ཕྱིར་འདིར་གུས་པར་སྐོམ་པས་ཆུ་འདོད་ལྟར་བློ་ཞིག་སྐྱེས་ནས། མདོ་སྔགས་གཉིས་ཀྱི་གཞུང་ལུགས་འཛིན་པ་གླང་རི་བ་དགེ་བཤེས་མཆོག་ལ་དོགས་འཆར་ཞིག་འབུལ་ཆོག་པར་གྱིས། བླ་མ་ཙོང་ཁ་པ་ཆེན་པོའི་དྲི་བ་རྣམས་ནི་འདི་ལྟར་སྣང་སྟེ། “རྗེ་ཙོང་ཁ་པས་རྗེ་བཙུན་འཇམ་དཔལ་དབྱངས་ལ་དེ་ལྟའི་རང་ཉིད་ཀྱི་དབུ་མའི་ལྟ་བ་གོ་བ་དེ། དབུ་མ་ཐལ་འགྱུར་བ་དང་། རང་རྒྱུད་པ་གང་གི་ལྟ་བ་ཡིན་ཞུས་པས།” ‘གང་གིའང་མིན།’ ཞེས་པ་དང་། ཡང་ཁྱད་པར་དུ་དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པ་སྟེ་བདེན་པ་གཉིས་ཀྱི་ངོ་བོ་ངོས་བཟུང་བ་གལ་ཆེ་བར་དམིགས་ཏེ། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་། སྣང་ཕྱོགས་དང་སྟོང་ཕྱོགས་ལ་ཉེ་རིང་གཏན་ནས་བྱེད་མི་ཉེན། ཁྱད་པར་སྣང་བ་ལ་གཙིགས་སུ་བྱེད་དགོས” ཞེས་གསུངས་པ་རྣམས་སོ། འོ་ན་དྲི་ལན་འདི་དག་སྐད་རིགས་གང་གི་ཐོག་ནས་གསུངས་ཡོད་དམ། རྒྱ་གར་སྐད་དུའམ། ཡང་ན་བོད་སྐད་དུ་རེད། རྒྱ་གར་སྐད་དུ་རེད་ཅེས་ན་བླ་མ་ཙོང་ཁ་པ་ལེགས་སྦྱར་དང་། སྒྲ་རིག་ལ་མཁས་པའི་གཏམ་བོད་དུ་མ་གྲགས་པས། འཇམ་དབྱངས་དང་ལྷན་དུ་འབེལ་མཆིད་ཅིག་ཡོང་སྲིད་དམ། བོད་སྐད་དུ་གསུངས་པ་རེད་ཟེར་ན། བོད་སྔ་རབས་ཀྱི་མཁས་པ་རྣམས་དང་ཤར་ཙོང་ཁ་པ་སོགས་ཀྱིས་ལེགས་སྦྱར་གྱི་སྐད་དུ། ‘ཨོཾ་ཨ་ར་པ་ཙ་ན་དྷི།’བགྲངས་པ་ལ་དགོས་པ་ཅི་ཡོད། ལྷ་རྒྱ་གར་སྐད་དུ་བསྒྲུབས། གསུང་བོད་སྐད་དུ་བྱོན་ཟེར་ན། འདྲ་ཆགས་པ་ཞིག་འདུག་གམ། སྐབས་ཐོབ་ཀྱི་དོན་’གང་གིའང་མིན’་ཞེས་པའི་སྐབས་སུ། ཚིག་དོན་གང་གི་ཁྱད་པར་མ་བརྗོད་པས། ཞལ་གཟིགས་པའི་དགོས་པ་ཅི་ཡོད་དམ། ཡང་ན་ཐལ་རང་གཉིས་ལ་ཚིག་དོན་གང་གི་ཁྱད་པར་མེད་པས་རེད་ཟེར་ན། འཕགས་བོད་གཉིས་ཀྱི་དབུ་མའི་སློབ་དཔོན་རྣམས་དུས་ཚོད་ཆུད་ཟོས་སུ་སོང་བ་ཨེ་རེད། གལ་ཏེ་སོང་རེད་ཟེར་ན། བླ་མ་ཙོང་ཁ་པས་ཚལ་གུང་ཐང་དུ་རྒྱ་འགྲེལ་དང་། སྣེ་ཐང་བདེ་བ་ཅན་སོགས་སུ་བོད་འགྲེལ་རྣམས་བཀླགས་པར་དགེ་མཚན་ཅི་བྱུང་ཡོད་དམ། དེ་དག་གིས་བྲིས་པའི་བསྟན་བཅོས་ཤ་སྟག་ཡིན་ཕྱིར། ཁོང་གི་སྐུ་ཚེ་མང་པོ་ཞིག་དེ་དག་གིས་འཕྲོ་བརླག་བཏང་མི་འདུག་གམ། ཡང་ན་ལྟ་བ་མཐར་ཐུག་ལ་ཁྱད་པར་མེད་པའི་དོན་དུ་བཞེད་ན། འཕགས་བོད་གཉིས་ཀྱི་དབུ་མའི་སློབ་དཔོན་རྣམས་ཀྱིས་དབུ་མའི་ལྟ་བ་ལ་ཐ་དད་མེད་པ་དང་སྤྲོས་པ་མེད་པའི་ཆོས་ཉིད་དེ་གཏན་ལ་ཕབ་ཟིན་པའི་ཕྱིར་ན། ཟློས་སྐྱོན་དུ་འགྱུར་བ་མ་གཏོགས་ཞལ་གཟིགས་ལ་དགོས་པ་གང་ཞིག་ཡོད། ཡང་དེའང་མ་རེད། དེ་མིན་པའི་’གང་གིའམ་མིན’་ཞེས་དོན་ཞིག་ཡོད་ཅེས་ན། རྗེ་བཙུན་འཇམ་དབྱངས་ཀྱི་ཞལ་གཟིགས་ལ་མར་མེ་རླུང་གིས་བཅོམ་པ་བཞིན་དུ་མུན་འཐོམས་ཀྱི་དོན་ཙམ་ལས་གཞན་གང་ཞིག་ཡོད། གཞན་ཡང་སྣང་ཕྱོགས་དང་སྟོང་ཕྱོགས་ལ་’ཉེ་རིང་གཏན་ནས་བྱེད་མི་ཉེན’ཞེས་པའི་དོན་དེར། ཕྱོགས་སུ་སོང་པའམ་ཡང་ན་མཐའ་རུ་མ་ལྷུང་པའི་དོན་ལ་གོ་དགོས་པ་དང་། ཡང་ན་ནི་ཁྱད་པར་མེད་པའི་དོན་ཨེ་རེད། གལ་སྲིད་དེ་ལྟར་ཡིན་ཚེ། སྣང་བར་གཙིགས་སུ་འཛིན་ཞེས་པའི་དོན་འདི་སྣང་བ་གལ་ཆེའམ། སྣང་བའི་ཕྱོགས་སུ་སོང་ཆེ་བའི་དོན་དུ་མི་འགྱུར་རམ། ཡང་ན་དེ་ལྟར་མི་འགྱུར་ཞེ་ན། བོད་སྐད་སྤྱིའི་འགྲོས་དང་འགལ་བ་གྱུར་ཟིན་པས། རྒྱུ་མཚན་གང་གིས་གསལ་འདེབས་ནུས། དེ་བས་ཀྱང་གདུལ་བྱ་འདུལ་བ་ལ་བསླབ་པ་སྐྱོན་མེད་པ་ཞིག་བསྟན་དགོས་པས། ཉེ་རིང་མེད་པ་དང་། གཙིགས་སུ་འཛིན་གཉིས་ཞེས་པའི་བརྡ་ཆད་འདི་དངོས་པོའི་གཞི་ཐ་དད་ལ་རེ་རེ་བྱས་ནས་སྦྱོར་བའི་སྐབས། སྐད་བརྡ་རིག་པའི་ཁྱབ་ཁོངས་སུ་རྒྱབ་འགལ་གྱི་དོན་བསྟན་པའི་ཆོས་ཉིད་ཀྱི་གཏན་ཚིགས་ལྡན་ཕྱིར། དགེ་བཤེས་མཆོག་གིས་རིགས་ལམ་གང་གིས་སུན་འབྱིན་ནམ། མ་ཟད་རིགས་དྲུག་སེམས་ཅན་སོ་སོའི་ལས་སྣང་གིས་གྲུབ་པའི་རི་རྭ་བ་དང་། ཁང་ཁྱིམ་སོགས་པའི་འདོན་ཡོན་གྱི་ཆོས་ཐམས་ཅད་ལ་སྣང་ཚུལ་ཀུན་རྫོབ་ཀྱི་རྣམ་བཞག་དང་། ཐེག་པ་ཆེན་པོའི་ཆོས་ཀྱི་ལམ་ནང་ཞུགས་པའི་དབུ་མའི་སློབ་དཔོན་རྣམས་ཀྱིས་དོན་དམ་དཔྱོད་བྱེད་ཀྱི་རིག་པས་གཏན་ལ་ཕབ་པའི་ཆོས་ཀྱི་གནས་ལུགས་རྣམས་བདེན་པ་མ་གྲུབ་པར་གནས་ཚུལ་ལམ། སྟོང་ཚུལ་དེ་འཇོག་ཨེ་དགོས། གལ་ཏེ་དགོས་ཞེས་ཞལ་གྱིས་བཞེད་ན། འཇམ་དབྱངས་ཀྱི་ཞལ་གཟིགས་སྣང་བར་’གཙིགས་སུ་འཛིན’ཞེས་པའི་དོན་འདིས། འཕགས་རྣམས་ཀྱི་སྤྱོད་ཡུལ་ལས། སོ་སོའི་སྐྱེ་བོའི་སྤྱོད་ཡུལ་དེ་དྲགས་ཙམ་ཞིག་འགྱུར་བ་མ་ཡིན་ནམ། དེ་བས་ཀྱང་རིགས་དྲུག་གི་ལས་སྣང་རྣམས་ཀྱང་འགྲིག་པར་འགྱུར་བའི་སྐྱོན་དུ་འགྱུར་བ་མིན་ནམ།