ཀླུ་སྨྱོན།
ལས་དབང་གི་བཀོད་སྒྲིག་ཅིག་གིས།
འདི་ལྟར་བོད་ཡུལ་དུ་སྐྱེ་བ་ལེན་དགོས་བྱུང་ཞིང་།
མི་ངོ་རང་ངོ་ཟིན་དུས།
རིག་གནས་གསར་རྗེའི་དུས་སྐབས་ཤིག་ཏུ་ཁེལ་འདུག
དགའ་སྐྱོ་ཆགས་སྡང་གི་ཚོར་བ་རེ་སྐྱེ་རྒྱུ་ཡོད་དུས།
སྤོ་བོ་རྨོ་མོ་ཚོ་ལྟོགས་སྐོམ་གྱིས་གྲོངས་ཚར་འདུག་ཅིང་།
ཁོང་ཚོའི་ཤ་ཁྲག་རུས་གསུམ་འཐོར་ཤུལ་དུ།
རྩྭ་ལྡུམ་མཐུག་པོ་རེ་སྐྱེས་འདུག
རི་མཐོན་པོ་རེའི་འདབས་སུ།
དགོན་སྡེ་ཆེ་མ་ཆུང་གསུམ་བཞེང་མགོ་ཚུགས་དུས་ཤིག་ལ།
རྗེ་བླ་མའི་གསེར་ཞལ་ཡང་ཐེངས་འགར་མཇལ་རྒྱུ་བྱུང་ཞིང་།
མི་ཚོགས་ཀྱི་སྐད་ཅོར་འཁྲིགས་པའི་ཀློང་ནས།
ཁོང་གི་གསུང་ཆོས་ལ་ཡང་ཐེངས་འགར་ཉན་པ་ཡིན།