རྔ་བ་རྒྱལ་ཁམས་པ།
___________________
ང་ཚོས་ས་གཞི་འདི་ཆགས་ནས་ད་བར་མི་ལོ་དུང་ཕྱུར་བཞི་ལྷག་སོང༌། ལོ་རྒྱུན་རིང་མོ་དེའི་ནང་རྒྱུ་སྐར་ཆེན་པོ་དུ་བ་མཇུག་རིང་གི་རྒོལ་རྡུང་འོག གོ་ལ་འདི་ཉིད་མ་མཐའ་ཡང་ཐེངས་གསུམ་ལ་སྐྱེ་འཇིག་བྱས་ཡོད། རྒྱུ་སྐར་དེས་བརྡབས་སྟོབས་ཀྱིས་སྐྱེ་འཇིག་རེ་རེའི་སྐབས། མེ་དཔུང་གི་གོང་བུ་ཆེན་པོ་ཞིག་ཏུ་གྱུར་ནས་མི་ལོ་བརྒྱ་སྟོང་མང་བོའི་རིང་འབར་ཞིང༌། རྩི་ཤིང་ནགས་ཚལ་དང༌། ས་རྡོ་རི་བྲག དེ་ལ་བརྟེན་པའི་སྲོག་ལྡན་གྱི་རིགས་ཚང་མ་རྩ་མེད་དུ་གྱུར། དེ་ནས་ལོ་ངོ་སྟོང་ཕྲག་ལྷག་གི་རྗེས། ཚིག་རོ་ཅུང་ཙམ་ལྷག་ལུས་བྱུང་བ་ནས། ལྷན་གཤེར་དང་ཆུ་ཕྲན་རིམ་པར་བྲུབ་ནས་སླར་ཡང་སྐྱེ་བ་གསར་བ་ཞིག་བླངས་བ་སོགས། ཆགས་གནས་འཇིག་པའི་འཁོར་ལོ་ཞེས་པ་མུ་མཐུད་དུ་བསྐོར་དང་བསྐོར་ངེས་རེད། ད་ལྟ་རང་རེའི་བསམ་ཚུལ་དཀྱུས་མ་ཞིག་དང་འདྲ་བར། གདོད་མའི་མི་རྣམས་ཀྱང་ལྟོགས་སྐོམ་གྱི་དཀའ་སྣང་སེལ་ཐབས་ཙམ་ལས། ས་གཞི་དང་ཉི་ཟླ་སོགས་ཕར་ཞོག རང་གི་ཁོར་ཡུག་གི་གནས་སྟངས་ལའང་བསམ་བློ་རྣལ་མ་ཞིག་གཏོང་ཐུབ་པའི་བློ་རིག་སད་པ་ལ་ཕྱི་ནང་གི་རྐྱེན་མང་བོ་ཞིག་འཛོམས་དགོས། ཕོ་མོའི་འབྲེལ་བ་ལས་ཁྱིམ་ཚང་དང༌། དེ་ལས་རྙོག་འཛིངས་ཅན་གྱི་ཚོགས་སྡེ་སོགས་རིམ་པར་བྱུང་ཞིང༌། དོན་གནད་གང་ཞིག་ཐག་གཅོད་ཀྱི་ཕྱོགས་ལ་བསམ་བློ་མང་བོ་གཏོང་དགོས་བྱུང་བས། འགྲོ་བ་མིའི་ལུས་ངག་ཡིད་གསུམ་གྱི་ཕྱོགས་ལ་ཡར་རྒྱས་ཀྱི་རྣམ་པ་ཐོན་ནས། ས་གཞི་འདི་དང༌། ཉི་ཟླ་གཟའ་སྐར་སོགས་ཀྱི་ཐད་ཚོད་སྒམ་བྱེད་ཐུབ་པའི་རྟོག་གེ་བ་དང༌། མཚན་ཉིད་པ། ཚན་རིག་པ་སོགས་བྱུང་བ་རེད།
དེ་ལས་མང་བ་། “སའི་གོ་ལ་ལེབ་ལེབ་ཏུ་འདོད་པའི་གནའ་བོའི་མཚར་གཏམ།” »