ཕྱི་ཚེས་ ༡༠ ཉིན་སྲིད་འཛིན་ཨོ་བྷ་མས་ཨོ་སུ་ལོ་ནས་ལོ་འདིའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་རྒྱུ་རེད། འདི་ནི་ཁོང་གིས་ཨབ་གྷན་དུ་ཨ་རིའི་དམག་མི་ ༣༠༠༠༠ འཕར་སྣོན་བྱ་རྒྱུའི་གསལ་བསྒྲགས་བྱས་པའི་ཉིན་དགུའི་རྗེས་ལ་འཁེལ་ཡོད།
ལོ་འདིར་སྲིད་འཛིན་ཨོ་བྷ་མར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་འདུག་ཅེས་ཐོག་མར་གོ་མ་ཐག ང་ལ་རང་བཞིན་གྱིས་མི་བདེ་བ་ཞིག་ཆགས་སོང་། ཉིན་བཞིའི་སྔོན་ལ་ཁོང་གིས་དམག་རྒྱག་རྒྱུའི་གསལ་བསྒྲགས་བྱས་པ་དང་། ཉིན་ལྔའི་རྗེས་ལ་ཁོང་ནོར་ཝེ་ལ་ཕྱིན་ཏེ་ཞི་བདེའི་གཟེངས་རྟགས་བཞེས་རྒྱུ་ཡིན་པ་འདི་བསམ་ན་ལྷག་པར་དུ་མི་བདེ་བ་ཞིག་རེད།
སྲིད་འཛིན་ཨོ་བྷ་མའི་གསལ་བསྒྲགས་ཀྱི་རྗེས་སུ་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་དག་གིས་ཀྱང་བསྐྱར་དུ་རང་རང་ས་ནས་དམག་མི་གྲ་སྒྲིག་བྱེད་ཀྱིན་ཡོད་ལ། ད་ལྟའི་ཆར་རྒྱལ་ཁབ་ ༢༥ ཡིས་ཨབ་གྷན་ནང་དུ་དམག་མི་འཕར་སྣོན་བྱ་རྒྱུའི་ཁས་ལེན་བྱས་འདུག དེར་བརྟེན་མི་འགྱངས་པར་ནུབ་ཕྱོགས་ཀྱི་དམག་མི་ཆིག་འབུམ་བཞི་ཁྲི་ལྷག་ཅིག་གནའ་བོའི་དར་ལམ་ལ་འབབ་རྒྱུ་རེད།
སྟོང་ཉིད་རྟོགས་སྟངས་གཞན་ཞིག
ཀླུ་སྨྱོན། ཉོན་མོངས་ཀུན་ལས་རྣམ་གྲོལ་བ། །ནམ་མཁའི་ལམ་ལ་རབ་གནས་པ། །འཇམ་དཔལ་མཚན་བརྗོད་ལས། འོད་གསལ། གཉུག་མ། ཀ་དག ཆོས་དབྱིངས། འདི་དག་ནི་དོན་གཅིག་མིང་གི་རྣམ་གྲངས་ཤིག་རེད་ལ། འདི་དག་ནི་མཐར་ཐུག་གི་གནས་མལ་ཞིག་ཀྱང་རེད། འོད་གསལ་དེའི་ཆེད་དུ། འཁོར་བ་ཐོག་མ་མེད་པ་ནས། མུན་ནག་ལ་སྐྲག་ཞོར་དང་འདར་ཞོར། རང་ལུས་ཡིན་ཡང་མེ་རུ་སྒྲོན་འདོད་ཀྱི་དཔའ་སྤོབས་ཤིག་བཙལ་བ་རེད། ཡང་སྙིང་ཞིག་གམ། གཏིང་རུམ་ཞིག་གི་ཆེད་དུ། བུ་དང་ཆུང་མ་སོགས། ཡོད་ཚད་བློས་བཏང་ཟིན་པས། ད་ནི། གཉུག་སེམས་ཁྱོད་མངོན་དུ་འགྱུར་རེ་རན། འཁྲུལ་སྣང་ཙམ་དང་། ཡང་ན་གནས་སྐབས་ཙམ་དུ། བདེ་སྡུག་དང་དགའ་སྐྱོ། ཆགས་སྡང་དང་འདུ་འབྲལ་སོགས། སྒྱུ་མའི་རྟ་རྒན་གྱི་གོང་ནས་ཐང་ལ་ལྷུང་བ་བཞིན། དག་གཙང་གི་ནམ་མཁའི་དཀྱིལ་འཁོར་དུ་འཆི་རན་སོང་། བྱ་དངོས་ཐམས་ཅད་ལ་ངོ་བོ་ཉིས་བརྩེགས་རེ་ཡོད་པ་བདེན་ན། ཅིའི་ཕྱིར་ངོས་གཅིག་ཁོ་ནའི་ཆེད་དུ་ཚེ་སྲོག་འབེན་དུ་བཙུགས་ནས་དམར་འཛིང་བྱེད་དམ། ཧ་ཅང་ལྷོད་ལྷོད་ངང་། རང་ཉིད་སངས་རྒྱས་ཟིན་པ་ཇི་བཞིན། ཡོངས་ཁྱབ་ཀྱི་གནས་ལུགས་ཤིག་གི་ཀློང་ནས་བསྐལ་པའི་བར་དུ་བརྒྱལ་སོང་ན་ལོས་ཆོག