རེས་གཟའ་པ་སངས་ཀྱི་ཉི་ནུབ་ཏུ། ངས་གྲོགས་པོ་འགའ་བོས་ནས་ནང་དུ་འཛོམས། ང་ཚོས་བོད་ཟས་གཡོས་ཤིང་ཆང་ལ་རོལ། བོད་ཀྱི་ཀུ་རེའི་སྒོ་མོ་ཕྱེས། ཧ་ཅང་སྐྱིད། སྐྱིད་པའི་དོན་རྩ་ངོ་མ་ནི། བདུན་ཕྲག་འདིའི་ལས་ཀ་ཡོངས་སུ་གྲུབ་པས་ཡིན་ལ། ཉི་མ་གཉིས་ཀྱི་རིང་བདུན་ཕྲག་མཇུག་གི་གུང་གསེང་ཡིན་སྟབས་བློ་བག་བདེ་པོར་ཡོད། དེ་ལྟར་ཧ་ལམ་ཆུ་ཚོད་བཅུ་པ་ཟིན་ལ་ཉེ། ངས་ཆུང་མ་ལ། སང་ཉིན་ཁྱེད་རང་ལས་ཀ་ལ་ག་དུས་འགྲོ་གི་ཡིན་ཞེས་དྲིས། མོས་ང་ལ་ལས་ཀ་མེད་ཟེར། ངས་གང་ཡིན་ནམ་དྲིས། མོས་ཁྱེད་ལ་ཟབ་སྦྱོང་ཡོད་སྟབས་ངས་ལས་ཀ་ནས་དགོངས་པ་ཞུས་པ་མི་དྲན་ནམ་ཟེར། དཀོན་མཆོག་གསུམ། ངས་བརྗེད་འདུག གཏན་ནས་བརྗེད་འདུག གྲོགས་པོ་ཚོ་ལ་ང་ལ་ཟབ་སྦྱོང་འདུག་ཅེས་ཞུས་ནས་རང་སར་བསྐྱལ། ང་ཡང་སྔ་པོར་ཉལ། ཉིན་བཅུ་བཞི་ལ་བསྟུད་ནས་ལས་ཀ་བྱེད་དགོས་ན་འདིས་ང་གསོད་ས་རེད་དྲན། སེམས་ཁོང་དུ་ཆུད། ཡིད་མུག དཀོན་མཆོག་གསུམ།
བོད་ཆོལ་ཁ་གསུམ་གྱི་ནང་མ་ཚུད་པའི་བོད་ཀྱི་ས་ཆ་ཡོད་ཟེར།
བོད་པ་ནས་་་་ ངའི་གྲོགས་པོ་ཞིག་གིས་ཁ་པར་བརྒྱུད་ནས་གསུངས་གསལ་ལྟར་ན་བདུན་ཕྲག་གཅིག་གི་སྔོན་ལ་ནེའུ་ཡོག་གྲོང་ཁྱེར་ནང་ཡོད་པའི་ལ་རྩེ་དཔེ་མཛོད་ཁང་གིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྐོར་ལ་ཚོགས་འདུ་ཞིག་འཚོགས་པ་ལ་བོད་ནང་གི་མཁས་པ་ཁྲོ་བོ་རྒྱལ་མཚན་དང་རྒྱ་ཡེ་བཀྲ་བྷོ།ཐུབ་བསྟན་ཕུན་ཚོགས་གསུམ་ཕེབས་ཡོད་པའི་ཁར་ཨ་རིའི་ཆེད་མཁས་པ་འགའ་ཡང་འདུག་ཟེར། ཀྲུང་དབྱང་མི་རིགས་སློབ་གྲ་ཆེན་མོའི་དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་མཆོག་གིས་རྒྱ་ཡིག་གི་བོད་ཀྱི་ས་ཁྲ་ཆེན་པོ་ཞིག་བསྟན་ནས་བོད་ཆེན་པོ་ཟེར་བ་འདི་རེད། རྡ་རམ་ས་ལ་ན་བཤད་བཞིན་པའི་ཆོལ་ཁ་གསུམ་ཟེར་བ་འདེའི་ནང་ལ་མ་ཚུད་པའི་བོད་ཀྱི་ས་ཆ་མང་པོ་ཡོད། དཔེར་ན་མངའ་རུས་ལྟ་བུ་རེད་ཟེར། སྐབས་དེར་ངའི་སེམས་ལ་ཟླ་སྔོན་མའི་ནང་ཀརྨ་ཆོས་འཕེལ་གྱིས་ཁོ་མངའ་རུས་སྤྱི་འཐུས་ཡིན་པ་ལས་དབུས་གཙང་སྤྱི་འཐུས་མིན་ཟེར་བ་འདྲ་བོ་ཞིག་བཤད་པ་ཡང་རྒྱུ་མཚན་འདི་འདྲ་ཞིག་མིན་འགྲོ་བསམ་སོང་། མཁས་དབང་ཐུབ་བསྟན་ཕུན་ཚོགས་མཆོག་གིས་མུ་འཐུད་ནས་གསུངས་གསལ། དེང་སྐབས་མི་མང་པོས་ཨ་མདོ་ཟེར་ན་མདོ་སྨད་ཡིན་ཤག་དང་ཁམས་པ་ཟེར་ན་མདོ་སྟོད་ཡིན་ཤག་བརྩིས་པ་ནི་ནོར་བ་རེད། དཔེར་ན་ངའི་ཕ་ཡུལ་སྡེ་དགེ་ཡིན། ང་ཁམས་པ་ཡིན།ང་མདོ་སྨད་ཀྱི་ཡིན་ཟེར། ཆོལ་ཁ་གསུམ་ནི་ས་སྐྱའི་སྐབས་(༡༢༦༤)བྱུང་བའི་ཐ་སྙད་ཅིག་རེད། ཁམས་པ་དང་ཨ་མདོ་ཟེར་བ་ནི་རྒྱལ་དབང་ལྔ་བའི་(༡༦༤༢)རྗེས་སུ་བྱུང་བའི་ཐ་སྙད་ཅིག་རེད། རྒྱལ་དབང་ལྔ་བའི་སྔོན་དེང་སྐབས་ཁམས་དང་ཨ་མདོ་ཟེར་བའི་ས་ཆ་འདི་ལ་མདོ་ཁམས་ཟེར་ནས་ས་ཁུལ་གཅིག་ཡིན་པ་ལས་ཁམས་དང་ཨ་མདོ་ཟེར་བའི་ཐ་སྙད་མེད། དེང་སང་ང་ཚོའི་གཞུང་ས་ཁྲ་འདིའི་རིགས་བཤད་ན་དགའ་གི་མི་འདུག ཡིན་ནའང་ངས་བསྟོན་བཞིན་པའི་ས་ཁྲ་འདི་ནི་གཅིག་སྟོང་དགུ་བརྒྱ་ལྔ་བཅུའི་ནང་མའོ་ཙེ་ཏུང་གི་སྐབས་བཟོས་པ་ཞིག་ཡིན་པས་སྐྱོན་ཡོད་ན་མའོ་ཙེ་ཏུང་གི་སྐྱོན་རེད་ཟེར།