སྒོམ་སྡེ་ལྷ་རམས་པ།
———–
ཨོཾ་མ་ཎི་པདྨེ་ཧཱུྃ། (ལེགས་སྦྱར) ॐ मणि पद्मे हूँ ཨོཾ་ལ་ཨ་ཨུ་མ་གསུམ་འདུས་པས། རྡོ་རྗེ་གསུམ་མམ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་གསུམ་མཚོན། (སྤྱིར་བཏང་ཨོཾ་ནི་པྲ་ཎ་མ་ཞེས་པ་རབ་བསྔགས་ཏེ
འདུད་པ་དང་ཕྱག་འཚལ་བའི་མཚོན་བྱེད་དང༌། གཞན་ཡང་བཀྲ་ཤིས་པ་དང་གཡང་གི་དོན་ནོ། །ཞིབ་པར་ཨོཾ་ཞེས་པའི་ཐད་དུ་གཟིགས) མ་ཎི་ནོར་བུ། པདྨ་ནི་མེ་ཏོག་པདྨ། མེ་ཞེས་པའི་རིང་ཆ་ནི་བྱིས་པས་མ་ལ་འབོད་པའི་ཚེ་གདངས་རིང་པོས་འབོད་པ་ལྟར། ཨེ་ཞེས་པ་རྣམ་དབྱེ་བརྒྱད་པ་འབོད་པའི་སྒྲ་ཡིན་པར་བཤད། ཧཱུྃ་ནི་བསྐུལ་བ་དང་འབོད་པའི་དོན་ཡིན་པར་གཞུང་མང་པོར་གསུངས་(གཞུང་འགའ་ཞིག་ཏུ་ཐུགས་ཀྱི་ས་བོན་ཡིན་པར་ཡང་གསུངས)པས།
ཀྱཻ་ནོར་བུ་པདྨ་ཅན་(ཞེས་ནོར་བུ་ཆུ་ཤེལ་གྱི་ཕྲེང་བ་དང་གསེར་གྱི་པདྨ་ཕྱག་མཚན་དུ་བསྣམས་པའི)ལྷའི་མཚན་ནས་བོས་ཏེ་བདག་ལ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ་ཅིག་ཅེས་ཐུགས་རྒྱུད་བསྐུལ་བའོ། །མ་ཎིའི་མཇུག་ཏུ་ཧྲཱིཿསྦྱོར་མི་དགོས་ཤིང༌། སྦྱར་ན་ཡི་གེ་བདུན་དུ་འགྲོ་ཞིང་འདི་ལ་རྒྱུད་སྡེ་རྣམས་སུ་གཟུངས་ཡི་གེ་དྲུག་པ་ཞེས་ཐ་སྙད་བྱེད་དེ། ཡི་གེ་དྲུག་གིས་སྦྱང་གཞི་འགྲོ་བ་རིགས་དྲུག སྦྱང་བྱ་དྲི་མ་དྲུག སྦྱོང་བྱེད་ལམ་ཕར་ཕྱིན་དྲུག སྦྱངས་འབྲས་རྒྱལ་བ་རིགས་ལྔ་དང་རྡོ་རྗེ་འཆང་སྟེ་རིགས་དྲུག་མཚོན། ཞིབ་ཏུ་བཤད་ན། (སྦྱང་གཞི་སེམས་ཅན) ཨོཾ་གྱིས་ལྷ་སྐྱེ་འཆིའི་(འཆི་ལྟས་སྐྱེས་ལྟས་ཀྱི)སྡུག་བསྔལ་སེལ། མ་ཡིས་ལྷ་མ་ཡིན་འཐབ་རྩོད་ཀྱི་སྡུག་བསྔལ་ཞི། ཎི་ཡིས་མི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་སེལ། པད་ཀྱིས་དུད་འགྲོ་བཀོལ་སྤྱོད་ཀྱི་སྡུག་བསྔལ་སེལ། མེ་ཡིས་ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་སེལ། ཧཱུྃ་གིས་དམྱལ་བ་ཚ་གྲང་གི་སྡུག་བསྔལ་སེལ་ལོ།