བཀའ་བློན་ཁྲི་པའི་སྐོར་ལ་བསམ་འཆར་ཆུང་ངུ།
ཐེངས་རྗེས་མའི་བཀའ་བློན་ཁྲི་པའི་འོས་མིའི་སྐོར་ལ་ང་རང་གི་བསམ་འཆར་འདི་ཡིན། ལྷན་རྒྱས་ཚོས་དོ་སྣང་གནང་བ་ལ་ཐུགས་རྗེ་ཆེ་ཞུ། ༡༽ ད་ལྟའི་བཀའ་བློན་ཁྲི་པའི་ལྟ་བ་དང་དགོངས་གཞིའི་རྗེས་བྲངས་པ་མིན་པ་ཞིག་བདམས་ན་ཕན་པ་ཆེ། ངའི་མྱོང་སྣང་ཞིག་ལ། བཀའ་བློན་ཁྲི་་པ་འདི་པའི་སྲིད་འཇུས་དང་ལྟ་བ་རྣམས་ལ་འབྲས་བུ་སྨིན་ཐུབ་མ་སོང་། མི་མང་པོ་ཞིག་གིས་འདི་ལ་མོས་པ་ཡང་མིན་འདུག དེར་བརྟེན་ད་བཀའ་བློན་ཁྲི་པ་གསར་པ་ཞིག་གདམ་དགོས་ན། ལྟ་བ་གསར་པ་ཞིག་དང་། འཆར་གཞི་གསར་པ་ཞིག་སླེབས་ཐུབ་ན་དགེ་མཚན་ཆེ། དེར་བརྟེན་བཀའ་བློན་རྙིང་པ་བློ་བཟང་ལུང་རིགས་ལྟ་བུ་བདམས་ནས། སྔར་གྱི་བཀའ་བློན་ཁྲི་པའི་རྗེས་བྲངས་བྱས་ནས་བཞུགས་ན། བཀའ་ཁྲི་གསར་པ་ཞིག་སླེབས་པར་ཕན་པ་ཨེ་འདུག ༢༽ བོད་མི་དམངས་ལ་ཞབས་འདེགས་ཞུ་འདོད་དང་། དེ་ལྟར་ཞུ་བར་སྙིང་སྟོབས་དང་ལྷག་བསམ་ཡོད་མཁན་ཞིག་འདེམས་རོགས་གནང་། ངས་ད་ལྟའི་བཀའ་བློན་ཁྲི་པ་འདིའི་གསུངས་ལས། ཁོང་ལ་སྤྱི་ཚོགས་ཀྱི་འགན་་འཁུར་དང་ལྷག་བསམ་ཨེ་ཡོད་སྙམ་པའི་འདྲི་བ་ཡོང་གི་འདུག དཔེར་ན། སྤྱི་འཐུས་ཀྱི་ཚོགས་འདུའི་ཐོག། ད་ལྟའི་བཀའ་བློན་ཁྲི་པ་འདིས། “ང་བཀའ་བློན་ཁྲི་པ་བྱེད་པའི་འདོད་པ་ཡང་མེད། འཇོན་ཐང་ཡང་མེད། འབྱུང་འགྱུར་ལ་ཡང་བྱ་བ་བསྒྲུབ་ཐུབ་ཀྱི་རེད་བསམ་པའི་རེ་བ་ཡང་མེད། ” ཅེས་གསུངས་སོང་། ཁྱེད་རྣམས་ཀྱིས་དགོངས་པར། བཀའ་སློབ་འདི་ཇི་འདྲ་རེད། འདི་འགན་འཁུར་ཡོད་པ་ཞིག་དང་། ལྷག་བསམ་ཡོད་པའི་གསུངས་བཤད་ཤིག་ཨེ་རེད། ༣༽ ལྟ་བ་དང་ཐབས་ཤེས་ལ་གཙོ་བོར་བལྟ་བ་ལས། རྒྱབ་ལྗོངས་དང་། གྲལ་རིམ་གཙོ་བོར་མི་འཛིན་པ། གལ་ཏེ་བོད་མིའི་ད་ལྟའི་གཡང་གཟར་གྱི་ལམ་བུ་དེ་ལས་ཁ་བསྒྱུར་ཏེ། མདུན་ལམ་ཡོད་པ་དང་། འབྲས་བུ་ཡོད་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་གཅིག་ལ་ཁྲིད་ཐུབ་ན། ངེད་ཚོས་ཐེངས་རྗེས་མའི་བཀའ་བློན་ཁྲི་པ་འདིའི་གྲལ་རིམ་དང་། གནས་བབ། དེ་བཞིན་ཆོས་ལུགས་ཀྱི་ལྟ་བ་སོགས་ལ་གཙོ་འཛིན་མ་བྱེད་ན་ཕན་པ་ཆེ། དེ་ལྟར་ཡོང་བར། བཀའ་བློན་ཁྲི་པའི་འོས་མི་ཚོའི་དབར་ལ། བགྲོ་གླེང་དང་། ཁ་བརྩོད་བྱེད་པ། འདྲི་བ་དང་། བཅར་འདྲི་མང་པོ་བྱེད་དགོས་འདུག ལྷག་པར་དུ། ཆོས་དད་མེད་མཁན་ཞིག་སླེབས་ཐུབ་ན། དེས་ཕན་པ་ཆེ་བ་ཡོད། རྒྱུ་མཚན་ནི། ཁོང་ནི། ཆོས་ལུགས་ཀྱི་བསམ་བློས་བཅིངས་མེད་སྟབས། ལམ་གསར་པར་འཚོལ་བའི་སྙིང་སྟོབས་དང་ཐབས་ཤེས་གསར་པ་འགའ་ཡོང་སྲིད། ༤༽ ལྷ་རབ་བྱུང་ན། བཀའ་བློན་ཁྲི་པ་དེ་གྲྭ་པ་དང་སྤྲུལ་སྐུ། དེ་བཞིན་བླ་མ་སོགས་མིན་ན་ལེགས། གྲྭ་པ་དང་སྤྲུལ་སྐུ་མང་པོ་ཞིག་ལ། འཇིག་བརྟེན་གྱི་ཉམས་མྱོང་མེད་ལ། ཁོང་ཚོར་དེ་ཤེས་འདོད་ཀྱང་མེད། ཁོང་ཚོའི་སེམས་ཀྱི་རྩ་བ་དེར་འཇིག་བརྟེན་འཁོར་བ་ཟེར་བ་འདི་ལ་སྙིང་པོ་མེད་པར་མཐོང་། དེར་བརྟེན། ཁོང་ཚོས།…