རྟགས་ཀྱི་འཇུག་པའི་རྣམ་བཤད་མཁན་པའི་དགོངས་རྒྱན། བོད་ཀྱི་དཔེ་མཛོད་ཁང་ནས་ (2008/7/)དཔེ་བསྐྲུན་བྱས་པ།
རྟགས་ཀྱི་འཇུག་པའི་རྣམ་བཤད་མཁས་པའི་དགོངས་རྒྱན་ཞེས་བྱ་བ་འདི་ནི། འཇིག་རྟེན་ཕལ་བའི་སྐད་ཡིག་དང་གསུང་རབ་ཀྱི་བརྡ་ཆད་གཉིས་ལས། གཙོ་བོ་གསུང་རབ་ཀྱི་བརྡ་ཆད་བཀྲོལ་བའི་ཆེད་ཁོ་ནར་དམིགས་ནས་བྲིས་པ་ཡིན། ཆུང་དུས་ནས་ཡབ་ཆེན་མཁས་དབང་བློ་བཟང་དོན་ཡོད་དང་དགེ་བཤེས་བསོད་ནམས་ཕུན་ཚོགས་གཉིས་ཀྱི་བཀའ་དྲིན་ལས་བརྡ་སྤྲོད་རིག་པའི་འགྲོ་སྟངས་རགས་ཙམ་ཆགས་པ་དང༌། ཀླུ་སྦྱིན་དགེ་བཤེས་ཆེན་མོའི་དྲུང་ནས་ཕར་ཚད་ཀྱི་རིགས་ལམ་ལ་ཐོས་བསམ་གྱི་སྐལ་བཟང་ལོ་ཤས་ཐོབ་པ་ནས། བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་སུམ་རྟགས་གཉིས་ལ་དག་སྣང་ལྷག་པར་འཕེལ་ཏེ་ཞར་དང་ཞོར་ལ་མཁས་བླུན་ཅི་རིགས་ཀྱིས་བརྩམས་པའི་སུམ་རྟགས་ཀྱི་གཞུང་འགྲེལ་བཅུ་ཕྲག་ཁ་ཤས་མིག་སྔར་རེག་པར་གཏན་ཚིགས་རིག་པས་དཔྱོད་པ་དང་འགྲོགས་ནས་ལྟ་རྒྱུའི་བགོ་སྐལ་ཐོབ།
ལྷག་པར་རྒྱ་གར་དུ་སླེབས་རྗེས་དེང་རབས་ཀྱི་འཛམ་གླིང་མཛེས་པའི་རྒྱན་གཅིག་དགེ་བཤེས་དཔལ་ལྡན་གྲགས་པའི་དྲུང་ནས་དབུ་ཚད་ཕར་གསུམ་གྱི་བཤད་ཁྲིད་ཞུས་སྐབས། གཞུང་ཆེན་པོའི་དཀའ་གནད་དུ་མའི་ནང་གི་བྱ་བྱེད་ལས་གསུམ་ལས་འཕྲོས་པའི་དྲི་རྨེད་དང་བགྲོ་གླེང་ཡང་ཡང་གནང་བ་མ་ཟད། གཞུང་ཆེན་མོའི་བརྡ་ཆད་ལས་བཏུས་པའི་དཔྱོད་གཞི་འགོང་ཆེ་བ་ཡང་མང་པོ་གནང་ནས་པྲ་སྟི་དགེ་བཤེས་རིན་པོ་ཆེའི་རྟགས་འགྲེལ་དང་མཐུན་པའི་འགྲེལ་བ་ཞིག་གསར་རྩོམ་དགོས་པའི་ནན་སྐུལ་གྱི་དཀའ་ཡི་མེ་ཏོག་གི་ཅོད་པན་སྤྱི་བོའི་རྒྱན་དུ་བཅིངས་པ་ལྟར། སྤྱི་ལོ་༢༠༠༤ལོར་ཤར་མར་རྩོམ་གདན་དང་པོ་ཟིན་བྲིས་སུ་བཏབ། ད་དུང་མཁས་པ་ཆེན་པོ་འདི་ཉིད་ཀྱིས་གཞུང་ཆེན་པོ་དང་ཚད་མ་རིག་པའི་འགྲོ་སྟངས་མ་ཆགས་པའི་རྟགས་འགྲེལ་མཁན་པོ་ཚོའི་སྨིག་རྒྱུ་དང་འཇའ་རིས་ལ་ཐེར་ཟུག་གིས་མཛུབ་ཀེར་གནང་ཐེངས་རེ་རེས་གཞུང་འགྲེལ་དེ་དག་གི་གཏད་སོ་སྦྲུལ་ཤུབས་ལྟར་ཞུས་འགྲོ། མོན་གྷོ་དུས་དབང་སྐབས་ཀྱི་སྔོན་འགྲོའི་ཆོས་བཀའ་དབུ་མ་རིན་ཆེན་ཕྲེང་བ་པར་སྐྲུན་ཞུས་དག་སྐབས། གསུང་རབ་ཀྱི་བརྡ་ཆད་འཁྲུལ་མེད་ཅིག་ཤེས་དགོས་ན་བརྡ་སྤྲོད་ཀྱི་གཞུང་འགྲེལ་གང་ཞིག་ལ་རྩ་འཛིན་དགོས་པའི་ངེས་ཤེས་གསལ་པོར་རྙེད།