ཨ་རིག་འགྱུར་མེད་ཀྱིས།
——–
རྒྱ་ནག་གིས་ནམ་ནམ་ཞར་ཞར་ལ་ང་ཚོ་དུས་རབས་ཉེར་གཅིག་པའི་ཀླ་ཀློའི་དཔུང་ཚོགས་ཤིག་ཏུ་ངོས་འཛིན་བྱེད་ཀྱིན་པའང་མཚམས་རེར་ཁག་མི་འདུག་སྙམ་པ་ཞིག་འདུག དེ་ནི་ང་ཚོས་དེ་ལས་ལྡོག་པའི་ལས་ཤིག་བགྱི་མི་ཤེས་པས་ཡིན།
ཉིན་དེ་རིང་ནས་ཕྱིར་བརྩིས་པའི་མི་ལོ་བཅུ་ཕྲག་གཅིག་ལྷག་གི་གོང་དུ་ངའི་ཕ་ཡུལ་གྱི་འབྲོག་པ་མང་ཚོགས་ཚོས་བྱིས་པ་ཚོ་དགོན་པར་སྐྱེལ་བའི་ལུགས་སྲོལ་ལས་སློབ་གྲྭར་གཏོང་བའི་ལུགས་སྲོལ་ཞིག་མི་འདུག་ལ། རྐྱེན་དེའི་དབང་གིས་ད་བར་ངའི་ཕ་ཡུལ་དུ་མཛུབ་མོ་འཛུགས་ཆོག་ཆོག་གི་ལས་བྱེད་པ་དང་རྩོམ་པ་བོ་ཞིག་ཀྱང་བྱུང་མྱོང་མེད། དེ་ནི་བུ་ཕྲུག་སློབ་གྲྭར་གཏོང་རྒྱུ་ལས་ཟོག་ལུག་གི་རྫི་བོ་བྱེད་འཇུག་པ་དང་། བུ་ཕྲུག་སློབ་གྲྭར་གཏོང་རྒྱུ་ལས་འབྲི་མཛོ་མོ་འཇོ་འཇུག་པས་ཀྱང་རེད།