པདྨ་ཚེ་དབང་ཤཱསྟྲི།
——————–
རྒྱལ་གཅེས་ལྷག་བསམ་གྱི་མེ་རླབས་མཐོན་པོར་འབར་བ། ཉེ་བའི་ཆར་དབྱིན་ལན་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་བྱུང་བའི་སྤྱི་ཟུར་སྐུ་ཞབས་ཐུབ་བསྟན་བསམ་འགྲུབ་ལགས་ནས་འགན་ཁུར་རྐང་བཞེས་གནང་སྟེ། འབྱུང་འགྱུར་ཕྱི་ལོ་༢༠༡༡ ལོར་འདེམས་སྒྲུག་བྱ་རྒྱུའི་བཀའ་བློན་ཁྲི་པ་དེ་བཞིན་ཤིན་ཏུ་ནས་གལ་འགངས་ཆེན་པོ་ཡིན་པ་གཟིགས་གནང་སྟེ། རྒྱ་ཆེ་མང་ཚོགས་ལ་སྔོན་ཚུད་ནས་འོས་དམིགས་དགོངས་པ་བཞེས་རྒྱུའི་སླད་དུ་དྲ་རྒྱ་ཟུར་འཛུགས་གནང་པར་རྗེས་སུ་ཡི་རངས་ཞུ་བ་དང་ཆབས་ཅིག་བསམ་འཆར་ཐུང་ཙམ་ཞིག་ཞུ་འདོད་བྱུང་།
འབྱུང་འགྱུར་གྱི་བཀའ་ཁྲི་དེར་བཙན་བྱོལ་བོད་གཞུང་དབུས་འདེམས་བསྐོ་ལྷན་ཁང་གིས་གཏན་འབེབས་གནང་པའི་བཀའ་བློན་ཁྲི་པའི་འོས་ཆོས་རིམ་པ་དགུའི་སྟེང་དུ་བྱུང་ན་གཤམ་གསལ་གྱི་ཁྱད་ཆོས་དགུ་ཡང་ཚང་དགོས་པར་སྙམ།