ཨ་རིག་འགྱུར་མེད་ཀྱིས།
ལོ་འདི་གར་ང་ཚོའི་མིག་གི་ཡུལ་དང་རྣ་བའི་བཅུད་དུ་གྱུར་དང་འགྱུར་བཞིན་པའི་མདོ་སྨད་ཡུལ་གྱི་གླུ་མ་རིག་འཛིན་སྒྲོལ་མར་མཚོན་ན། མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་དང་བརྙན་འཕྲིན་ཁང་གི་གླུ་གར་སྤྲོ་ཚོགས་མང་དག་ཅིག་དང་ལྷན་དུ་ང་ཚོའི་སེམས་ངོགས་སུ་སླེབས་ཤིང་། ཁོ་མོའི་སྙན་འཇེབས་ཀྱི་ངག་གི་འགྱུར་ཁུགས་རེ་རེ་ང་ཚོའི་སེམས་ཀྱི་གཏིང་རིམ་དང་དུང་བ་ཟབ་སར་འཛུལ་འོང་།
དེ་ལྟར་ང་ཡང་གླུ་མ་རིག་འཛིན་སྒྲོལ་མའི་སྙན་མོ་ངག་གི་འགྱུར་ཁུགས་ལ་སེམས་འཁྲེང་ཞིང་དུང་བ་ཟབ་པའི་ལྟ་མཁན་དང་ཉན་མཁན་ཁྲོད་ཀྱི་གཅིག་ཡིན་ལ། རི་བོ་ཧི་མ་ལ་ཡི་ཕར་རྒྱབ་ཀྱི་ཁོ་མོའི་སྙན་ལྷང་ལྷང་གི་གླུ་གཞས་རེ་རེ་མཐོན་པོ་གངས་རི་དང་དམའ་བ་ས་གཞི། ཡངས་པའི་རྩྭ་ཐང་དང་ཕ་མཐའ་མི་མངོན་པའི་མཁའ་དབྱིངས་བརྒྱུད་དེ། ངའི་རྣ་ལམ་དུ་ལྷུང་ཐེངས་རེར། ཁོ་མོ་ནི་ངས་ད་བར་བོད་ཕྱི་ནང་གི་གླུ་མ་མང་དག་ཅིག་གི་གླུ་གཞས་ལ་རོལ་མྱོང་བྱེད་མྱོང་བའི་ཁྲོད་ཀྱི་གཞས་མ་དགའ་ཤོས་དེ་ཡིན་ལ། ཁོ་མོའི་གླུ་གཞས་རེ་རེ་ནི་ང་རང་ཆེས་དགའ་བའི་གླུ་གཞས་རེ་རེ་ཡིན།