དེ་རིང་བོད་ནང་གི་བོད་མི་ཞིག་ལ་གླེང་མོལ་བྱུང་སྐབས་གནས་ཚུལ་ངོ་སྤྲོད་བྱས་བ་ལྟར་ན།
དེང་སང་རྒྱ་ནག་གཞུང་གིས་བོད་ནང་དུ་ཕྱི་རྒྱལ་ཡུལ་སྐོར་མི་སྣ་སོགས་ཡོང་རྒྱུར་བཀག་བསྡོམས་བྱས་ནས་དམ་དྲག་ཆེན་པོ་བྱེད་གྱི་ཡོད་མེད་ལ་མ་ལྟོས་བར་ཟླ་བ་འདིའི་སྤྱི་ཚེས་ ༢༦ ཉིན་རྔ་བ་རྫོང་ཐོག་དང་ཀིརྟི་དགོན་པ་སོགས་སུ་ཁ་སང་གི་དམར་གསོད་ལ་མ་སྐྲག་པར་དེ་རིང་གི་རྡུང་བརྡེགས་ལ་ཅི་ལ་སྐྲག། ད་ལོར་ང་ཚོར་སྨོན་ལམ་ཆེན་མོ་ཚོགས་ཏུ་མ་བཅུག་ན་རྒྱ་ནག་གཞུང་ལ་བོད་མི་ཚོ་མཉམ་རུབ་གྱིས་བསྐྱར་དུ་ཞི་བའི་ངོ་རྒོལ་བྱེད་དགོས་ཟེར་བ་སོགས་གྱི་ཡིག་ཆ་འདྲ་མིན་འགྲེམ་སྦྱར་བྱས་ཡོད་པ་དང༌། ཕྱི་ཉིན་སྤྱི་ཚེས་ ༢༧ བོད་ཟླ་དང་པོའི་ཚེས་གསུམ་ཉིན་ཀིརྟི་དགོན་པའི་དགེ་འདུན་པ་བརྒྱ་ཕྲག་ཁ་ཤས་ཞིག་མཉམ་དུ་དགོན་པའི་འདུ་ཁང་ལ་སོང་ནས་སྨོན་ལམ་ཡར་ཚོགས་ལ་སྨོན་ལམ་ཚོགས་རྒྱུ་གྲ་སྒྲིག་བྱས་ཐབས་བྱས་ཡོད་ཀྱང་ས་གནས་རྒྱ་ནག་གི་འབྲེལ་ཡོད་ཚན་པས་སྔོན་མ་ནས་སྨོན་ལམ་ཚོགས་མི་ཆོག་པའི་བཙན་བཀའ་བཏང་བ་དང་བཀག་བསྡོམས་བྱེད་རྒྱུ་ཡིན་ཚུལ་བཤད་པ་བཞིན་ཉིན་དེར་དངོས་སུ་སྨོན་ལམ་ཚོགས་ཐུབ་མེད།
བོད་དོན་མཇུག་སྒྲིལ་སྟངས་ཀྱི་བརྡ་རྟགས་ངོ་མ།
ཐེ་བོ་ཤེས་རབ་རྒྱ་མཚོ།
རྒྱ་ནག་གཞུང་ཕྱོགས་ཀྱི་མཐོ་རིམ་མི་སྣ་མང་པོ་ཞིག་གིས། ༧ གོང་ས་མཆོག་སྐུ་གཤེགས་ཉིན་ནི་བོད་ཀྱི་གནད་དོན་མཇུག་སྒྲིལ་བའི་བརྡ་རྟགས་སུ་ངོས་འཛིན་བྱས་ནས། བོད་ཀྱི་གནད་དོན་ཐད་དུས་ཚོད་སྐྱེལ་ཐབས་ཁོ་ན་བྱེད་ཀྱིན་ཡོད་ནའང་། བདག་གིས་ཁོ་ཚོས་བྱེད་སྟངས་དེ་ནི་བྱབ་ཆུང་གི་བྱེད་སྟངས་ཤིག་དང་། ཚོད་དཔག་དེ་ནི་ནོར་འཁྲུལ་ཅན་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད། དེ་ག་ནང་བཞིན་རྣམ་དཔྱོད་ཅན་གྱི་མི་མང་པོ་ཞིག་གིས་ཀྱང་དེ་ལྟར་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད། དཔེ་དྲངས་ན། ལོ་འགའི་ཡར་སྔོན་རྒྱ་ནག་གི་ཤེས་ཡོན་ཅན་ཝང་ལིན་ཞུང་གིས་ཀྱང་རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་ཐད་ད་ལྟའི་བྱེད་སྟངས་དེ་ནི་ཐབས་མཁས་ཀྱི་བྱེད་སྟངས་ཤིག་མ་ཡིན་པར་རང་གཞན་གཉིས་ཕུང་གི་བྱེད་སྟངས་ཤིག་ཡིན་པའི་ངོས་འཛིན་བྱས་ཡོད།