བོད་ཀྱི་ནང་ཆོས་ལ་ཤེས་རྟོགས་ཡོད་མཁན་ཚོས་སྒོམ་སྒྲུབ་ཀྱི་སྟེང་ནས་མིའི་སེམས་ཁམས་ལ་འགྱུར་བ་གཏོང་ཐུབ་པར་འདོད་པ་དང་། དེང་རབས་ཚན་རིག་ལ་རྒྱུས་མངའ་ཡོད་མཁན་ཚོས་མིའི་ཀླད་པའི་གྲུབ་ཚུལ་དང་བྱེད་ལས་དེ་ང་ཚོའི་སེམས་ཁམས་ཀྱི་གནས་སྟངས་དང་ཁྱད་ཆོས་ལ་འབྲེལ་བ་དམ་ཟབ་ཡོད་པར་འདོད། ཝི་སི་ཀོན་སིན་སློབ་གྲྭ་ཆེན་མོའི་སློབ་དཔོན་རི་ཆར་ཌི་ ཌལ་ཝི་སོན་ (Dr. Richard Davidson) ནི་བོད་ཀྱི་ནང་ཆོས་ཉམས་ལེན་པ་དང་ཁོང་ཚོའི་ཀླད་པར་ཞིབ་འཇུག་བྱས་ཏེ་མིའི་ལུས་སེམས་ཀྱི་ནུས་
སྟོབས་འཚོལ་ཞིབ་བྱེད་མཁན་མི་སྣ་གྲགས་ཅན་ཞིག་ཡིན།
སྨན་པ་ཌལ་ཝི་སོན་ནུབ་ཕྱོགས་ཚན་རིག་དང་ནང་ཆོས་གཉིས་ཀར་དོ་སྣང་སླེབས་ཚུལ་དེ། གྲུབ་འབྲས་ཆེན་པོ་ལྡན་པའི་རང་ཉིད་ཀྱི་ལོ་ངོ་མང་པོའི་རིང་གི་ཀླད་རྩའི་ཚན་རིག་གི་ཞིབ་འཇུག་ལས་དོན་ལ་འབྲེལ་བ་ཆགས་ཡོད། ཁོང་དེ་སྔ་ཧར་ཝར་ཌི་སློབ་གྲྭ་ཆེན་མོའི་སེམས་ཁམས་རིག་པའི་སྡེ་ཚན་གྱི་ཞིབ་འཇུག་སློབ་མ་ཡིན་སྐབས། ཤར་ཕྱོགས་པའི་སེམས་ཁམས་རིག་པར་དོ་སྣང་སླེབས་ཏེ་ ༡༩༧༠ པའི་ལོ་རབས་ནང་རྒྱ་གར་དུ་ཕྱིར་བསྐྱོད་ཀྱིས་དེར་སྒོམ་སྒྲུབ་བསྙེན་མཚམས་ལ་སྡོད་ཞུགས་བྱས། ཕྱི་ལོ་ ༡༩༨༠ ནས་བཟུང་ཁོང་ཝི་སི་ཀོན་སིན་སློབ་གྲྭ་ཆེན་མོའི་དགེ་རྒན་དང་ཞིབ་འཇུག་པར་གྱུར་པ་དང་། སྒེར་ངོས་ནས་སྒོམ་སྒྲུབ་ཉམས་ལེན་བྱས་པའི་ཉེར་ལེན་གྱིས་ རང་ཉིད་ལ་ངན་གྲགས་རྒྱས་ཞིང་ལོ་མང་པོའི་རིང་སྤྱི་ཚོགས་ནས་ལོགས་ཀར་ཐོན་དགོས་བྱུང་ཡོད། འོན་ཀྱང་སྒོམ་སྒྲུབ་ཉམས་ལེན་བྱས་པའི་མྱོང་གོམས་བརྒྱུད་ཁོང་གི་བསམ་བློར་སྐྱོ་སྡུག་ (anxiety) དང་ཡིད་ཞུམ་ (depression) ལྟ་བུའི་སེམས་ཁམས་ཀྱི་ཚོར་སྣང་དང་ལུས་ཁམས་ཀྱི་འབྲེལ་བའི་སྐོར་གྱི་དཔྱད་གཞི་མང་པོ་ཞིག་ལ་ཞིབ་འཇུག་བྱ་རྒྱུའི་འདོད་བློ་དེ་སྔ་ནས་སྐྱེས་ཡོད།
སེམས་ཁམས་སྐོར་ལ་སྤུས་དག་ཅིང་གྲུབ་འབྲས་ལྡན་པའི་ཞིབ་འཇུག་ལོ་མང་བྱས་མཐར། ཁོང་ནི་སེམས་ཁམས་དབང་རྩའི་གནས་ ལུགས་ལ་བརྟག་ཞིབ་བྱེད་པའི་དབང་རྩ་་རིག་པའི་རྣམ་གཞག་གི་ཤིང་རྟའི་སྲོལ་འབྱེད་མཁན་དང་དེའི་ལས་དོན་སྒྲུབ་མཁན་མི་སྣ་གཙོ་བོ་ཞིག་ཏུ་གྱུར་པ་དང་། དེ་འབྲེལ་དཔྱད་རྩོམ་༢༥༠ དང་དཔེ་དེབ་ ༡༣ ལྷག་རྩོམ་འབྲི་གནང་ཞིང་གཟེངས་རྟགས་དང་ཞིབ་འཇུག་བྱ་དགའ་མང་པོ་རེག་མྱོང་ཡོད། ཁོང་གིས་དེང་སྐབས་ཝེ་སི་རྨན་ཀླད་རིས་དང་བྱ་སྤྱོད་ཚོད་ལྟ་ཁང་ (Waisman Laboratory for Brain Imaging and Behavior) གི་འགན་འཛིན་ལས་འཁུར་གནང་བཞིན་ཡོད་ཁར་རྒྱལ་སྤྱིའི་སྟེང་དེང་གསར་འཕྲུལ་ཆས་བེད་སྤྱོད་ཀྱིས་ཀླད་པའི་བྱེད་ལས་ལ་ཞིབ་འཇུག་བྱེད་མཁན་སྐད་གྲགས་ཡོད་པ་ཞིག་ཡིན་པ་མ་ཟད། ཉེ་བའི་ལོ་ཤས་ནང་རང་ཉིད་ཀྱི་རྣམ་དཔྱོད་དང་ཆེ་བ་བཏོན་ཏེ་ཚན་རིག་གི་ལག་ཆ་ཕུལ་བྱུང་བརྒྱུད་ནས་བོད་ཀྱི་ནང་ཆོས་ཀྱི་ཉིང་བཅུད་ལ་བརྟག་དཔྱད་རབ་དང་རིམ་པ་བྱེད་བཞིན་ཡོད།
དེ་ལས་མང་བ་། “རི་ཆར་ཌི་ ཌལ་ཝི་སོན་གྱི་བོད་ཀྱི་ནང་ཆོས་དང་ཀླད་པའི་ཚན་རིག་བར་གྱི་ཞིབ་འཇུག” »