བོད། ལེའུ་ཞིག་གི་སྒྲོམ་གཞི།
ཤིས་ཚང་ལྗང་མྱུག ———- སྤོ་རྨོས་མིག་ཆུ་ཞིག་གི་མྱ་ངན་རུམ།། ཕུ་བོས་ན་ཟུག་ཅིག་གི་འཕེལ་རིམ་བགྲོས།། གཏམ་རྒྱུད་ཁྲག་ལ་བསྒྲེས་པའི་བྱུང་རིམ་ན།། ཉི་མའི་སྤྱན་ཆབ་བསིལ་བའི་ལེའུ་ཞིག། ལོ་ཟླའི་འཇིག་ཉེན་ཁ་བའི་གླིང་ལ་ཕྱོགས།། སྲོག་གི་སྐུད་པ་རླུང་རྟའི་འགྲོས་ལ་ཐོགས།། མུན་པ་འཚོ་བར་བསྐྱལ་བའི་རི་གྲོང་ན།། ཟླ་བའི་ལང་ཚོ་རྒུད་པའི་ལེའུ་ཞིག། གསེར་གྱི་གླེགས་བམ་ཐལ་བའི་རྡུལ་ལ་བསྙལ།། མ་ཎིའི་དར་ཆ་རྨོངས་པའི་དབྱིངས་སུ་ཕྱར།། ཆོས་ཀྱི་སྲོག་ལ་རྒོལ་བའི་སྡེ་གྲལ་ན།། བཙུན་པའི་གཟུགས་ལ་སྡང་བའི་ལེའུ་ཞིག། མེས་པོའི་གཤིས་ཀ་རྗེས་ལུས་ལྟ་བར་རློམ།། ནུབ་ཀྱི་བསམ་བློ་དག་པའི་ཚད་མར་བཟུང་།། ཁ་བའི་ངོ་གདོང་འགྱུར་བའི་ས་མཐའ་ན།། རྒྱ་མཚོའི་རྨི་ལམ་སྙེག་པའི་ལེའུ་ཞིག། ཨ་ནུའི་ཞབས་རྗེས་སྟེགས་བུའི་ཕྱིར་དུ་འཐམ།། གཞན་བསྟེན་གོམས་པ་རུས་ཀྱི་རྐང་ལ་ཟུག། སྐད་བརྡའི་མཛེས་པ་བོར་བའི་ཚོགས་རྭ་ན།། སྲིད་ཀྱི་གདོང་རས་གཡོ་བའི་ལེའུ་ཞིག། སྦྲ་ནག་རོག་པོ་ཚེ་ཡི་མཐའ་རུ་བསྡུས།། རི་སུལ་འཚོ་བ་གྲོང་གི་མཐའ་ལ་ལྟེབས།། ཨར་འདམ་རྣོ་ལྕགས་སྦྲེལ་བའི་རྡོ་ཁང་ན།། ཚེ་སྲོག་སྲིད་མཐར་ཟད་པའི་ལེའུ་ཞིག། ལ་ཁའི་ཉི་མའི་བགྲོད་པ་མཐའ་ལ་ཐུག། མུན་པའི་ཟླ་བའི་འཚོ་གཞེས་གསང་བར་ཡིབ།། ནམ་མཁའི་ལས་དབང་སྦྲུམ་པའི་དཀྱིལ་འཁོར་ན།། བྱ་ཁྱུ་ཕྱོགས་སུ་འཐོར་བའི་ལེའུ་ཞིག། མགོ་བོའི་སྐྲ་ལོ་ཕྱི་རོལ་གླིང་ནས་འཐོར།། དབང་རྩའི་ནུས་པ་མུན་པའི་གསེང་ནས་ལྷོད།། མི་རབས་གསར་རྙིང་བརྗེ་བའི་འདུས་མདོ་ན།། ཕུག་གི་ཉི་འོད་བསྐལ་བའི་ལེའུ་ཞིག། བོད་པའི་ལེའུ་གྱེར་བའི་སྐད་ཅིག་མར།། སྡུག་དང་སྐྱོ་བའི་བསམ་གཞིགས་སྣོན་མར་འཕྱུར།། གོ་རིམ་འཁྱལ་འཁྱོལ་སྡེབ་པའི་ཉེར་ལེན་ལས།། ཤུགས་རིང་ཞིག་གི་སྐྱོ་བ་འདི་ལྟར་བཞུར།། ལྷ་ཀླུ་གཉན་གྱི་མཐུ་ནུས་བག་ལ་ཞ།། གདོན་བགེགས་འབྱུང་བོའི་འཚེ་བ་གཉིད་ལ་འབྱར།། ཁ་བའི་སྣུམ་སྨྱུག་ཟད་པའི་དུས་མཐའ་ན།། ང་ཡི་བོད་འདི་འདི་ལྟར་འཆི་དགོས་སམ།། ༢༠༠༨ལོའི་ཟླ་༡༢ཚེས་༢༤དགོང་མོར་བྲིས།