སྐར་ཆེན། ཡོ་རོབ།
རྨོངས་འཆར་འདི་སྤེལ་དུས། ངས་གལ་སྲིད་ཞེས་བའི་ཐ་སྙད་འདི་སྤྱོད་དགོས་བར་གྱུར། རྒྱུ་མཚན། ང་ཕ་མ་མིན། ང་བུ་ཕྲུག་ཞིག་ཡིན། མཐོ་སློབ་འགྲིམས་བཞིན་པའི་བུ་ཕྲུག་ཞིག་ཡིན།
སློབ་བུ་ཞིག་ཡིན། རང་གི་ཕ་ཡུལ་དང་ཁ་བྲལ་བའི་སློབ་བུ་ཞིག་ཡིན། ཕ་མ་མ་ཐུག་པར་ལོ་བརྒྱད་འགོར་བའི་སློབ་བུ་ཞིག་ཡིན། འོན་ཀྱང་། གལ་སྲིད་ང་ཕ་མ་ཡིན་ན། ངེད་ལ་བུ་ཕྲུག་བསྐྱེད་པའི་དམིགས་ཡུལ་་ཞིག་ཡོད་། རང་གི་བུ་ཕྲུག་གི་འཚར་ལོངས་ལ་རེ་བ་ཞིག་ཡོད།
"བོད་ཆེན་པོ་"ཟེར་བར་གཞི་འཛིན་ས་གང་ཡང་མེད།
—“ཁ་ཕྲལ་ལ་ངོ་རྒོལ་དང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པའི”རིམ་སྤེལ་དཔྱད་གཏམ་བཅུ་གསུམ་པ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་མི་སྒེར་གྱི་འཐུས་མིས་ཀྲུང་དབྱང་ལ་ཕུལ་བའི“དྲན་ཐོའི”ནང“ད་ལྟ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རང་སྐྱོང་གི་གནས་བབ་གནང་བའི་བོད་རིགས་ས་ཁུལ་ཚང་མ་གཅིག་གྱུར་གྱི་རང་སྐྱོང་དོ་དམ་ཁྱབ་ཁོངས་ནང་བཅུག་དགོས་ཀྱི་ཡོད། ད་ལྟའི་སྲིད་འཛིན་ས་ཁོངས་དབྱེ་བའི་ཐད་བོད་མི་རྣམས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་སྐྱོང་ལྗོངས་དང་ཞིང་ཆེན་མང་པོར་ཁ་ཐོར་བཏང་བར་བརྟེན་བོད་མི་རྣམས་ཁ་ཐོར་དུ་འགྱུར་བ་དང་ས་ཁུལ་ཁག་གི་འཕེལ་རྒྱས་དོ་མཉམ་མེད་པ་དང་ཆབས་ཅིག་མི་རིགས་ཀྱི་ཁྱད་ཆོས་དང་རིག་གནས་དང་ནང་པའི་སྲོལ་རྒྱུན་སྲུང་སྐྱོང་དང་དར་སྤེལ་གཏོང་བའི་སྟོབས་ཤུགས་ཆུང་དུ་ཚབས་ཆེན་སོང་ཡོད”ཅེས་བཏོན་པ་དེ་ནི་ཏཱ་ལས“བོད་ཆེན་པོའི”རྨི་ལམ་འགྲུབ་ཐབས་བྱེད་པའི་གནག་སེམས་ཤིག་རེད། ལོ་ངོ་སྟོང་རིང་བོད་ཀྱི་ལོ་རྒྱུས་འཕེལ་རྒྱས་འགྲོ་བའི་ཆུ་རྒྱུན་ནང“བོད་ཆེན་པོ”ཟེར་བ་གཏན་ནས་མེད་པ་ཚང་མས་མཁྱེན་གསལ་རེད། དུས་རབས་དགུ་པར་བཙན་པོའི་རྒྱལ་རབས་འཐོར་ཞིག་ཏུ་སོང་རྗེས་ཀྱི་ལོ་རྒྱུས་ཐོག་གཅིག་གྱུར་དང་ཆབ་སྲིད་ཐོག་ཕུང་པོ་གཅིག་གི“བོད་ཆེན་པོ”ཆགས་མྱོང་གཏན་ནས་མེད། དུས་རབས་བཅུ་གསུམ་པའི་ལོ་འགོར་རང་རྒྱལ་གྱི་སོག་རིགས་སྟོབས་ཤུགས་བྱང་ཕྱོགས་ཀྱི་ཏ་མུའོ་ལྷོ་བྱང་གི་རྒྱ་ཆེའི་ས་ཁུལ་དུ་ཆགས་འགོ་ཚུགས་ཡོད། སོག་པོའི་ཚོ་དཔོན་ཇིང་གིར་རྒྱལ་པོས་ཚོ་ཁག་ཁག་གཅིག་གྱུར་བྱས་པ་རེད། ༡༢༤༦ལོར་ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་བོད་ཀྱི་གྲུབ་མཐའ་ཁག་གི་ཚབ་ཞུས་ཏེ་ལེའང་ཀྲོའུ་རུ་སོག་པོའི་རྒྱལ་སྲས་གོ་དན་མཇལ་བར་སོང་སྟེ་བོད་འདི་སོག་པོའི་རྒྱལ་པོའི་ཁོངས་གཏོགས་ཁུལ་དུ་བརྩི་རྒྱུའི་ཆ་རྐྱེན་ཁག་ལ་གྲོས་གཏན་འཁེལ་བ་དང་འབྲེལ་ས་སྐྱ་བས་བོད་ཀྱི་ས་གནས་ཀྱི་ཆོས་སྲིད་ལས་དོན་ལ་དོ་དམ་བྱ་འགན་འཁུར་རྒྱུའི་གཏན་འཁེལ་གནང་བ་དང་བོད་ས་གནས་དེ་དངོས་སུ་ཀྲུང་དབྱང་གི་སྲིད་འཛིན་ཁོངས་གཏོགས་འོག་ཏུ་བཅུག་པས་བོད་ས་གནས་ཡུན་རིང་སིལ་པོར་གྱུར་བའི་ལོ་རྒྱུས་མཇུག་སྒྲིལ་བ་རེད། དུས་རབས་བཅུ་བདུན་པའི་དུས་དཀྱིལ་ནས་བཟུང་མན་ཆིང་ཀྲུང་དབྱང་སྲིད་གཞུང་གིས་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་བོད་ཁུལ་གྱི་སྲིད་འཛིན་ཁུལ་དབྱེའི་ཐད་ལེགས་སྒྲིག་ཐེངས་འགའ་བྱས་ཏེ་བོད་ས་གནས་དེ་བོད་ས་གནས་སྲིད་གཞུང—བཀའ་ཤག་སྲིད་གཞུང་གིས་དོ་དམ་བྱས་པ་དང་འབྲེལ་ཏཱ་ལའི་བླ་མ་དང་བོད་སྡོད་ཨམ་བན་གྱིས་ཐུན་མོང་ཐོག་ས་གནས་ཀྱི་ལས་དོན་གཙོ་སྐྱོང་བྱེད་ཀྱི་ཡོད། འོན་ཏེ་བོད་ཁུལ་གཞན་དག་ཀྱང་ནང་སའི་ས་འབྲེལ་ཞིང་ཆེན་ལ་དོ་དམ་བྱ་རྒྱུར་བགོས་ཡོད། དཔེར་ན་གཡུང་ཀྲེང་ཁྲི་ལོའི་རིང་མན་ཆིང་སྲིད་གཞུང་གིས་ཟི་ལིང་ཕུའུ་བཙུགས་པ་དང་ཟི་ལིང་དོན་གཅོད་བློན་ཆེན་བསྐོ་གཞག་བྱས་ནས་མཚོ་སྔོན་མངའ་ཁོངས་ནང་དང་ཀན་སུའུ་མངའ་ཁོངས་ནང་གི་བོད་ཁུལ་དོ་དམ་བྱེད་པ་དང་། དར་མདོ་དང་། ལི་ཐང་། འབའ་ཐང་སོགས་སི་ཁྲོན་གྱི་དོ་དམ་ཁོངས་གཏོགས་ནང་བཅུག་པ། རྒྱལ་ཐང་དང་། འཇོལ་རྫོང་། འབའ་ལུང་སོགས་ས་གནས་ཡུན་ནན་གྱི་དོ་དམ་ཁོངས་གཏོགས་ནང་བཅུག་ཡོད། ཡོན་དང་མིང་རྒྱལ་རབས་རིང་ཀྲུང་དབྱང་སྲིད་གཞུང་གིས་རང་རྒྱལ་གྱི་བོད་ཁུལ་དུ་སྲིད་འཛིན་དང་དམག་དཔོན་གྱི་སྒྲིག་གཞི་མང་པོ་བཙུགས་ཏེ་ས་ཁུལ་ཁག་གི་དམག་སྲིད་དང་ཆོས་ལུགས་ཀྱི་ལས་དོན་དོ་དམ་བྱེད་ཀྱི་ཡོད་པ་ལོ་རྒྱུས་ཐོག་གསལ་པོར་མངོན་གྱི་ཡོད། མན་ཆིང་ནས་བཟུང་བོད་འདི་སྲིད་འཛིན་ཁུལ་རིམ་པ་ཞིག་གི་ཐོག་ནས་ཀྲུང་དབྱང་སྲིད་གཞུང་གི་ཐད་གཏོགས་ཁོངས་གཏོགས་ནང་བཅུག་པ་དང་ཀན་སུའུ་དང་།མཚོ་སྔོན། སི་ཁྲོན། ཡུན་ནན་བཅས་བོད་ཁུལ་ནང་སའི་ཞིང་ཆེན་ཁག་ཏུ་གཏོགས་ནས་གཏན་འཁེལ་སྒྲིག་སྲོལ་ཞིག་ཏུ་འགྱུར་བ་མ་ཟད་ས་གནས་དེ་གའི་བོད་རིགས་མི་དམངས་ཀྱིས་ཀྱང་ཁས་ལེན་བྱེད་ཀྱི་ཡོད། མིན་གོ་དུས་སུ་རྒྱལ་ཁབ་ལ་བར་ཆད་ཆེན་པོ་འཕྲད་པ་དང་ཀྲུང་གོའི་ནང་ཁུལ་དུ་དམག་ཤེད་ཅན་དབར་འཁྲུག་འཛིང་བྱས་ནའང་ལོ་རྒྱུས་ཀྱི་སྒྲིག་གཞི་དེ་སྤྱིར་ན་རྒྱུན་འཛིན་བྱས་ཡོད་པ་དང“བོད་ཆེན་པོ”ཟེར་བའི་སྲིད་འཛིན་སྒྲིག་གཞི་ཐོག་མཐའ་བར་གསུམ་དུ་བྱུང་མེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་རང་རྒྱལ་སྲིད་གཞུང་གིས་གྲངས་ཉུང་མི་རིགས་ས་ཁུལ་དུ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ལེན་བསྟར་བ་དང་སྔ་རྗེས་སུ་ཀན་སུའུ་དང་། མཚོ་སྔོན། སི་ཁྲོན། ཡུན་ནན་བཅས་ཀྱི་བོད་རིགས་ས་ཁུལ་དང་བོད་དུ་རང་སྐྱོང་ཀྲོའུ་༡༠དང་། རང་སྐྱོང་རྫོང་༢ རང་སྐྱོང་ལྗོངས་༡བཅས་བཙུགས་ཡོད། སྲིད་འཛིན་ཁུལ་དབྱེ་དེ་བོད་ཁུལ་ཁག་གི་དོན་དངོས་དང་འཚམས་པ་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ལེན་བསྟར་བས་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གིས་རང་ཁྱིམ་རང་བདག་དང་མི་རིགས་འདི་གའི་ནང་ཁུལ་གྱི་ལས་དོན་དོ་དམ་བྱེད་པའི་ཁེ་དབང་སྤྱོད་རྒྱུ་འགན་ལེན་བྱུང་བ་དང་མི་རིགས་ཁག་གི་འདྲ་མཉམ་གནས་བབ་འགན་སྲུང་བྱུང་ནས་མི་རིགས་མཐུན་སྒྲིལ་དམ་དུ་སོང་བ་དང་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་ཏེ་བོད་རིགས་དང་མི་རིགས་ཁག་གི་མི་དམངས་གཞན་དག་ཚོའི་སྙིང་དབུས་ནས་བརྩི་བཀུར་ཐོབ་ཡོད། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནི་རང་རྒྱལ་གྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཡིན་པས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་དང་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུཊ་དང་མཉམ་དུ་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་གྲུབ་ཡོད། རང་རྒྱལ་གྱི་མི་རིགས་ཁག་གི་སྒྲིག་གཞི་འཛུགས་སྐབས་གཏན་ལ་ཕབ་པའི་སྲིད་འཛིན་ས་ཁོངས་ནི་རང་རྒྱལ་གྱི་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་གི་འབྲེལ་ཡོད་བཅའ་ཁྲིམས་དང་དེ་བཞིན་དངོས་ཡོད་གནས་ཚུལ་ལ་གཞིཊ་ནས་གཏན་འཁེལ་བྱས་པ་ཞིག་རེད། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་བཞི་པའི་ནང“མི་རིགས་རང་སྐྱོང་ས་གནས་བཙུགས་ཚེ་ཁྲིམས་གཏན་འཁེལ་བའི་གོ་རིམ་མ་བརྒྱུད་པར་ཕྱིར་འཐེན་ནམ་ཡང་ན་ཟླ་འགྲིལ་གཏོང་མི་ཆོག་པ་དང་། མི་རིགས་རང་སྐྱོང་ས་གནས་ཀྱི་ས་ཁོངས་ས་མཚམས་གཏན་འཁེལ་བྱས་ཚེ་ཁྲིམས་གཏན་འཁེལ་བའི་གོ་རིམ་མ་བརྒྱུད་པར་འགྱུར་ལྡོག་གཏོང་མི་ཆོག་པ། དངོས་འབྲེལ་ཕྱིར་འཐེན་དང་ཟླ་འགྲིལ་གཏོང་བའམ་ཡང་ན་འགྱུར་བ་གཏོང་དགོས་ཚེ་གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་གྲོས་མོལ་གང་ལེགས་བས་ནས་གཏན་འཁེལ་བྱེད་པ་དང་ཁྲིམས་གཏན་འཁེལ་བའི་གོ་རིམ་ལྟར་ཆོག་མཆན་ཐོབ་རྒྱུའི་སྙན་སེང་ཞུ་དགོས”ཞེས་གཏན་འབེབས་བྱས་ཡོད། རང་རྒྱལ་གྱི་གྲངས་ཉུང་མི་རིགས་རང་སྐྱོང་ས་ཁུལ་ཁག་གི་དངོས་ཡོད་ལ་འགྱུར་ལྡོག་གཏོང་རྒྱུའི་རེ་ངན་འཆང་བ་དང་རང་རྒྱལ་གྱི་རྩ་བའི་ཆབ་སྲིད་ལམ་ལུགས་འགྱུར་ལྡོག་གཏོང་བ་དང་མི་དམངས་རང་ཁྱིམ་རང་བདག་ཡིན་པའི་མི་རིགས་ས་ཁོངས་ཀྱི་རང་སྐྱོང་ལམ་ལུགས་ཁས་མི་ལེན་པའི་རེ་ངན་འཆང་བའི་བྱ་སྤྱོད་གང་འདྲ་ཞིག་ཡིན་རུང་ཚང་མ་རྩ་ཁྲིམས་དང་བཅའ་ཁྲིམས་ལས་འགལ་བ་ཞིག་རེད། གོང་གསལ་རྣམས་ཕྱོགས་བསྡུས་བྱས་ནས་ལོ་རྒྱུས་དང་ཡང་ན་དངོས་ཡོད་ཀྱི་ཐོག་ནས་བལྟས་ན“བོད་ཆེན་པོ”གཏན་ནས་ཆགས་མྱོང་མེད་པ་དང་དངོས་ཡོད་ཀྱི་གཞི་འཛིན་ས་གང་ཡང་མེད། “བོད་ཆེན་པོ”ཟེར་བ་ནི་ཏཱ་ལའི་རུ་ཚོགས་ཀྱིས་མེས་རྒྱལ་ཁ་ཕྲལ་གཏོང་བའི་འདོད་ཚུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་དེའི་ངོ་བོ་ནི“བོད་རང་བཙན”གྱི་ལྐོག་གཡོ་གཤོམ་པའི་ཆབ་སྲིད་ཀྱི་གཡོ་ཇུས་ཤིག་རེད། དེ་ཀྲུང་གོའི་དངོས་ཡོད་དང་འགལ་བ་དང་བོད་རིགས་མི་དམངས་ཚུད་པའི་ཀྲུང་གོའི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་འགལ་ཡོད། བོད་འདི་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་པང་ཁའི་ནང་གོམ་ཞེང་ཆེན་པོས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་པའི་གོམ་སྟབས་སུས་ཀྱང་འགོག་མི་ཐུབ།“བོད་ཆེན་པོའམ”ཡང་ན“ཚད་མཐོའི་རང་སྐྱོང”ཟེར་བར་ཁ་གཡར་ཏེ“བོད་རང་བཙན”གྱི་ལྐོག་གཡོ་བཤམས་ཚེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཆིལ་མ་འདེབས་རྒྱུ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པས་ནམ་ཡང་འགྲུབ་མི་ཐུབ། ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཀྱི་རྩོམ་བཤུས།
ཕོ་རོག་དཀར་པོ་
སྟག་སྨྱོན་གྱིས། ——————— ༄༅།། ཕོ་རོག་དཀར་པོ་དུང་འདྲ་བོ་སྤུ་རྩེ་ན་འོད་ཤིག་ཤིག་ཡོད་པ་ཞིག་མཐོང་ན་དེ་ནི་ཧ་ཅང་སྙིང་བརྗེ་བོ་དང་དཀོན་པོ། དམིགས་བསལ་གྱི་ལྟད་མོ་ལྟ་ས་དང་། ཕྲུ་གུ་ཚོས་ལྷག་པར་དུ་དགའ་བོ་བྱེད་སའི་བྱ་རིགས་རྩ་ཆེན་ཞིག་ཏུ་བརྩི་ན་འདོད། སྤྱན་གཟིགས་ཁང་ལ་བཞག་ན་ལྟ་མོ་བ་རྒྱུན་མི་ཆད་པར་ཡོང་ནས་ཡ་མཚར་མཚར་བྱེད་སྲིད། འོན་ཀྱང་ལན་འདེབས་མི་ཤེས་པའི་མགོ་རྙོག་ཡ་མཚན་ཞིག་ཡོད་པ་ནི། བོད་མི་ཚོས་ཕོ་རོག་དཀར་པོ་ཟེར་དུས་མི་ཞིག་གི་བྱ་སྤྱོད་འགྲེལ་བཤད་བརྒྱག་སྟངས་ཤིག་རེད། མི་ཁོ་ཕོ་རོག་དཀར་པོ་འཁྲབ་རྒྱུར་དགའ་བོ་ཡོད་པ་རེད་ཟེར་དུས་མི་དེ་ནི་ཆེས་ཡིད་དུ་འོང་ཞིང་གཅེས་སུ་རུང་བ། ཡང་ན་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཞིང་འབུར་དུ་ཐོན་པའི་ཁྱད་འཕགས་ཀྱི་མི་སྣ་ཞིག་མ་ཡིན་པར། དེ་ལས་ལྡོག་དེ་དུས་རྒྱུན་མིའི་སྤྱི་ཚོགས་དང་འཆམ་མཐུན་མེད་པ། གཞན་གྱི་འདོད་མོས་ལ་བསམ་ཤེས་དང་བསྟུན་མཁས་མེད་པ། ག་དུས་ཡིན་ན་གནས་སའི་ཁོར་ཡུག་དང་སྤྱི་ཚོགས་ཀྱི་ཁ་ཕྱོགས་དང་དག་དག་ལྡོག་ཕྱོགས་དང་མི་མཐུན་པ་རྐྱང་ལས་ནས་རང་གི་ཁེ་ཕན་དང་མིང་གྲགས་བཟོ་མཁན་གྱི་མིའི་རིགས་ཐ་ཤལ་ཞིག་ལ་གོ་བ་དེ་རེད། དཔེར་ན་གོན་པ་ལ་དཔེ་བཞག་ན་ཚང་མས་གོན་པ་དཀར་པོ་ལ་དགའ་བོ་བྱེད་ཅིང་དཀར་པོ་གོན་དུས་ཕོ་རོག་དཀར་པོས་ནག་པོ་གོན་ནས་འགྲོ་གི་རེད། མི་ཚང་མས་གོན་པ་ཁ་དོག་ནག་པོ་ལ་དགའ་མོས་བྱེད་ཅིང་ནག་པོ་གོན་ན་ཕོ་རོག་དཀར་པོས་དཀར་པོ་ཉིས་བརྩེགས་གོན་ནས་འགྲོ་གི་རེད། ཕོ་རོག་དཀར་པོའི་བྱེད་སྟངས་དེ་དམིགས་བསལ་གྱི་དོན་སྙིང་དང་མཛེས་སྡུག་ལྡན་པའི་འབུར་ཐོན་གྱི་རྣམ་པ་ཞིག་མ་ཡིན་པར། རིན་ཐང་མེད་ཀྱང་སྐྱུག་བྲོ་བོ་ལམ་ནང་གི་སྐྱག་པ་འདྲ་བོ་རང་བཞིན་གྱིས་མིག་ལ་ཐོགས་ཡོང་བ་ཞིག་རེད། འོན་ཀྱང་མི་འདི་འདྲ་ལ་ཆེད་དུ་ཁྲིམས་འགལ་གྱི་ནག་ཉེས་བགྲང་མི་ཤེས་ཤིང་། བྱ་སྤྱོད་དེ་ཐ་ཤལ་ཞིག་རེད་ཟེར་ནས་ཁྲིམས་ཁང་ནང་རྩོད་པ་བརྒྱབ་པ་ཡིན་ནའང་ང་ལ་ཐོབ་རྒྱུའི་གདེངས་ཚོད་མེད་མོད། འོན་ཀྱང་བྱ་སྤྱོད་དེ་ནི་དང་ལེན་དང་མགོ་སྒུར་ནས་སྣང་མེད་དུ་འཇོག་བདེ་བོ་ཞིག་ཀྱང་མ་རེད། གང་ཡིན་ཟེར་ན་ཁོ་ཚོས་ཆེད་མངགས་སྤྱི་ཚོགས་ཀྱི་གོམས་སྲོལ་དང་དགའ་མོས་འབེན་ལ་བཙུགས་ནས་དེ་ལ་གཏོར་རྒོལ་བྱེད་ཀྱི་ཡོད་པ་རེད། ཀུན་སློང་དང་འཆལ་སྤྱོད་དེ་འདྲ་ལ་དགའ་བསུ་དང་བཟོད་སྒོམ་མི་བྱེད་པ་འཛམ་གླིང་སྤྱིའི་རང་བཞིན་ཞིག་ཡིན་པ་ལས་བོད་མིའི་སེམས་པ་དོགས་དྲགས་པ་རེད་ཟེར་ན་བདེན་པ་མ་རེད། དེ་བཞིན་མི་འདི་འདྲ་མཚོན་བྱེད་ཀྱི་དཔེ་ཕོ་རོག་དཀར་པོ་ཟེར་བ་དེ་ཡང་མཐར་ཐུག་ཡག་ཉེས་གང་ཡིན་ཁ་ཚོད་གཅོད་དཀའ་བའི་མགོ་རྙོག་ཞིག་ཡིན་ནའང་། དེ་ནི་བརྒྱ་ཆ་ ༩༩% དང་མི་མཐུན་པ་ཁེར་ཆད་ཁ་གཏད་ཀྱི་རྣམ་པ་ཞིག་ཡིན་པ་ཁས་མི་ལེན་རང་ལེན་རེད། གང་ལྟར་དེང་སང་བོད་པའི་ན་གཞོན་ཚོའི་ནང་དུའང་ཕོ་རོག་དཀར་པོ་འཁྲབ་མཁན་མང་དུ་འགྲོ་གི་ཡོད་ཚོད་འདུག ཐབས་ལམ་འདི་ལ་བརྟེན་ནས་རང་ཉིད་ལ་མིང་གྲགས་དང་དོ་སྣང་འགུག་མཁན་ཡང་ཉུང་ཉུང་མ་རེད་ལ། དེ་ལ་ལྡོག་ཕྱོགས་ཀྱི་སྤྱི་ཚོགས་གི་གནོན་ཤུགས་ཀྱི་ལྗིད་ཁོག་དེའང་ཡང་དུ་བཏང་མེད་སྟབས། རྒྱུན་ལྡན་གྱི་སྤྱི་ཚོགས་དང་ཕོ་རོག་དཀར་པོའི་བར་གྱི་བཤད་ཡམས་ཆེན་པོ་དེ་རྒྱུན་མ་ཆད་པར་འབྱུང་གི་ཡོད་པ་རེད། འོ་ན་ཁོ་ཚོའི་བྱ་སྤྱོད་གང་འདྲ་རེད་ཟེར་ན། ཁོ་ཚོས་གཏོར་རྒོལ་བྱེད་སའི་འབེན་གཙོ་བོ་རྒྱུན་ལྡན་སྤྱི་ཚོགས་ཀྱི་གོམས་སྲོལ་དེ་ཡིན་སྟབས། མི་ཚང་མས་རེད་ལབ་ན་ཕོ་རོག་དཀར་པོས་མ་རེད་ཟེར། མི་ཚང་མས་ཁས་ལེན་པ་ཕོ་རོག་དཀར་པོས་ཁས་མི་ལེན། མི་ཚང་མ་ཡར་ལ་འགྲོ་དུས་ཕོ་རོག་དཀར་པོ་མ་ལ་འགྲོ། ཚང་མས་དད་པ་བྱེད་སར་ཕོ་རོག་དཀར་པོས་ལོག་ལྟ་བྱེད། མི་ཚང་མས་མགོ་གཏུགས་སར་ཕོ་རོག་དཀར་པོས་རྡོག་བརྫིས་གཏོང་བ་སོགས། ཡང་སྙིང་མི་ཚོས་རྟ་སྒ་བཤད་དུས་ཕོ་རོག་དཀར་པོའི་རིགས་ཀྱིས་གླང་སྒ་བཤད་པ་ཁོ་ཚོའི་དམིགས་བསལ་གྱི་ཁྱད་ཆོས་ཡོད་ན་མེད་ན་དེ་རེད། དཔེར་ན་མཚན་མ་དང་རྐུབ་སོགས་ལུས་པོའི་གསང་གནས་རྣམས་གང་བྱུང་ཁྲོམ་ལ་བསྟན་ནས་ངོམ་སོ་མི་བྱེད་པ་འཛམ་གླིང་སྤྱི་སྲོལ་ཞིག་ཡིན་མོད། ཕོ་རོག་དཀར་པོའི་རིགས་ཀྱིས་དག་དག་དེའི་ལྡོག་ཕྱོགས་ཏེ་མཚན་མ་བསྟན་ནས་ངོམ་སོ་བྱེད་པ་སོགས། གང་ལྟར་རྒྱུན་ལྡན་སྤྱི་ཚོགས་དང་མི་གནད་མ་ཚོས་དགའ་བསུ་དང་བསྟོད་བསྔགས་བྱེད་མི་སྲིད་པའི་བྱ་སྤྱོད་སྐྱུག་བྲོ་བོ་རྐྱང་རྐྱང་སྤེལ་བ་མ་ཟད། ད་དུང་ཁོ་ཚོས་བྱེད་སྤྱོད་དེ་དེང་རབས་དང་གུ་ཡངས། གསར་བ་དང་ཡར་ཐོན་གྱི་དཔལ་ཡོན་ཞིག་ཡིན་རབས་བཤད་ནས་སྤོབས་པ་དང་ང་རྒྱལ་བྱེད་ཅིང་། རྒྱུན་ལྡན་གྱི་སྤྱི་ཚོགས་དང་མི་རྣམས་གུ་དོགས་དང་རྗེས་ལུས་བག་ཁུམ་ཡིན་ལུགས་ཀྱི་སྐྱོན་བརྗོད་འཛེམ་མེད་བྱེད་མོད། དོན་དངོས་སུ་བྱ་སྤྱོད་དེ་རིགས་ནི་ཤར་ནུབ་ཀྱི་མི་རིགས་དང་སྔོན་ཐོན་དང་རྗེས་ལུས་ཀྱི་སྤྱི་ཚོགས་གང་འདྲ་ཡིན་ནའང་འཆལ་སྤྱོད་འདི་རིགས་ལ་དགའ་བསུ་དང་ཞེད་སྣང་མེད་པར་འཕྱ་དམོད་བྱེད་པ་འཛམ་གླིང་གི་སྤྱི་སྲོལ་ཞིག་ཆགས་ཡོད། མཐར་ཨོཾ་ཨ་ལ་བསྡུས། ཨ་ཧྲྰི་ལ་བསྡུས་ན་ང་ཚོས་ཤེས་དགོས་པ་ཕོ་རོག་དཀར་པོའི་མི་དེ་རྩ་ཆེན་པོ་དང་ཡ་མཚན་མིག་དཔེ་ལྟ་འོས་ས་ཞིག་མ་ཡིན་པར། རྒྱུན་ལྡན་སྤྱི་ཚོགས་ཀྱི་གོམས་སྲོལ་ལ་ཕོག་ཐུག་ཆེ་ལ་དགེ་ཕན་ཡེ་ནས་མེད་པའི་ཐ་ཤལ་གྱི་སྤྱོད་པ་ཞིག་ཡིན་པ་ཤེས་ནས། དེ་ལ་མི་སློབ་ཞིང་འཛེམ་ཟོན་ནན་པོ་བྱེད་དགོས་པ་དེ་ཡིན་ནོ། དེ་མིན་ཕོ་རོག་དཀར་པོའི་ཕྱོགས་ནས་བསྡད་དེ་སྤྱི་ཚོགས་ཡོངས་རྫོགས་ལ་ཁ་གཏད་དང་འགྲན་རྒོལ་བྱེད་མི་འོས་པ་ཟད། འཆལ་པོ་ཉུང་ཤས་ཤིག་གི་རྒྱབ་རྩར་ལངས་ནས་མི་སྣ་དྲག་ཞན་བར་གསུམ་གྱིས་གྲུབ་པའི་སྤྱི་ཚོགས་ཡོངས་རྫོགས་ནོར་འདུག་ཟེར་རྒྱུ་དེ་བས་ཀྱང་ལས་སླ་བོ་མ་རེད།