རྒྱ་རི་རིན་པོ་ཆེ་དགོངས་པ་ཞུ་རོགས།
གཡང་སྐྱབས་རྒྱལ་གྱིས། ————— དེ་རིང་ཡང་ངས་གཏན་ཡན་ཞིག་ཐོས་ནས་རྩོམ་འདི་འབྲི་དགོས་ཤར། རྩོམ་ཞིག་བྲིས་པ་ཙམ་གྱིས་ཕན་གནོད་འབྲེལ་བའི་འགྱུར་བ་ཞིག་ཡོང་བའི་རེ་བ་མེད་ན་ཡང་། ང་དང་ང་འདྲ་བའི་བསམ་ཚུལ་འཛིན་པ་དག་ཀྱང་འཛམ་གླིང་འདི་ན་ཤི་མེད་པའི་རྣམ་པ་ཞིག་བསྟན་པ་རེད་བསམས། ཁ་སང་ཁེ་ཉིན་ཞིག་ལ་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་བོད་དོན་རྒྱབ་སྐྱོར་བའི་ཚོགས་འདུ་ཞིག་འཚོགས་ཡོད་སྐད་དང་། ཚོགས་ཐོག་དེར་དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེས་གསུང་བཤད་གནང་སྟེ། “༡༩༤༩ ཡར་སྔོན་དུ་ཨ་མདོ་ཡོངས་དང་ཁམས་ཀྱི་ཕྱེད་དེ་རྒྱ་ཁོངས་རེད་”ཅེས་བཤད་ནས་དབུ་མའི་ལམ་གྱི་སྲིད་བྱུས་འདིས་ངོ་མ་བཤད་ན་”ཁྲིམས་མཐུན་དུ་མེད་པའི་བོད་ཀྱི་ས་ཁུལ་དགོས་པའི་”དགོས་འདུན་བཏོན་ཡོད་པ་དང་། “དབུ་མའི་ལམ་”ལ་ཆག་ཡངས་གང་ཡང་གཏོང་ཐབས་མེད་པ་ལ་བརྟེན་ནས་བོད་རྒྱའི་འབྲེལ་མོལ་དང་ཞི་མོལ་ལ་ལམ་ལྷོང་མ་བྱུང་ལུགས་བཤད་སོང་ཟེར། གུང་ཁྲན་གྱིས་འབྲེལ་མོལ་ལམ་ལྷོང་མ་བྱུང་བའི་ཁག་འགེལ་དེ་བོད་གཞུང་ལ་བཀལ་བའི་ཐོག་ ང་ཚོའི་སྐུ་ཚབ་ཀྱིས་ཀྱང་ལམ་ལྷོང་མ་བྱུང་བའི་ཁག་འགེལ་དེ་ང་ཚོར་བཀལ་བ་འདི་འདྲ་ནི་ཡིན་མི་སྲིད་པ་ཞིག་རེད་བསམས་ནས་སྙིང་རླུང་སྟོད་ལ་འཚངས། ལམ་སེང་རྒྱལ་སྤྱིའི་བོད་དོན་སྐད་འབོད་ལས་ཁུངས་ཀྱི་དྲ་རྒྱའི་ཐོག་བལྟས་པ་ཡིན་མོད། ཚོགས་འདུའི་སྐོར་མཐོང་ཡུལ་དུ་མེད་ཅིང་། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲ་རྒྱ་དང་ཕ་ཡུལ་དྲ་རྒྱ་ལ་བལྟས་མོད་ཚོགས་འདུ་དེའི་སྐོར་མཐོང་ཡུལ་དུ་མི་འདུག ད་ཡང་འདི་རེད། གསང་བ་ཆེན་པོ་དང་གལ་ཆེན་པོ་ཡིན་མདོག་གིས་ཚོགས་འདུ་ཞིག་བསྐོངས་ནས། བོད་ཀྱི་ལོ་རྒྱུས་ལ་དོ་ཕོག་གཏོང་བ་དང་བོད་མིའི་སེམས་ཁམས་ལ་ན་ཚ་གཏོང་བའི་སྐད་ཆ་འདི་འདྲ་བཤད་འདུག ང་ཚོའི་མི་ཐོག་འདི་ལ་བོད་རང་བཙན་མ་ཐོབ་ཀྱང་། མི་ཐོག་རྗེས་མའི་མདུན་ལམ་ལ་སྒོ་ལྕགས་བརྒྱབ་མི་ཆོག་པ་རེད། དེའི་སྟབས་ཀྱིས་དེ་རིང་ནས་བཟུང་ངས་རྒྱ་རི་རིན་པོ་ཆེ་དགོངས་པ་ཞུ་རོགས་ཞེས་འབོད་སྐུལ་བྱེད་རྒྱུ་ཡིན། འདིའི་རྒྱུ་མཚན་ནི་ང་རྒྱ་རི་རིན་པོ་ཆེ་ལ་མ་དགའ་བ་ཡང་མིན་ལ། རྒྱ་རི་རིན་པོ་ཆེས་བོད་དོན་ལ་བྱས་རྗེས་བཞག་མེད་པ་རེད་ཅེས་ཀྱང་ཞུ་གི་མེད། ངའི་རྒྱུ་མཚན་ནི་གཙོ་བོ་དོན་ཚན་གཉིས་ཀྱི་ནང་དུ་འདུ་བ་ཡིན། དོན་ཚན་དང་པོ་ནི། རྒྱ་རི་རིན་པོ་ཆེས་དམིགས་བསལ་སྐུ་ཚབ་ཀྱི་འགན་བཞེས་ནས་ལོ་ངོ་བཅུ་ཕྲག་བརྒལ་ནས་འགྲོ་གི་ཡོད། དམིགས་བསལ་སྐུ་ཚབ་ཀྱི་དུས་ཡུན་འདིའི་ནང་ཨ་རིའི་སྲིད་འཛིན་གཉིས་བརྗེ་ནས་གསུམ་པའི་ཐོག་ལ་འགྲོ་གྲབས་བྱེད་ཀྱིན་ཡོད། བོད་དོན་ཐད་འབྲེལ་མོལ་ཐེངས་བདུན་བརྒྱད་ཅིག་བྱས་ནས་གྲུབ་འབྲས་མ་ཐོན་པ་དེ་རེད། དེ་ལྟར་ན་མི་གསར་པ་ཞིག་ལ་གོ་སྐབས་སྤྲོད་རོགས་ཞེས་ཞུ་བ་དེ་ཡིན། དོན་ཚན་གཉིས་པ་ནི། རྒྱ་རི་རིན་པོ་ཆེ་བགྲེས་ཡོལ་ཕེབས་པའི་ལོ་ཚད་ལ་སླེབས་ཟིན་པ་རེད། རྒྱ་རི་རིན་པོ་ཆེ་དང་མཉམ་དུ་ཕྱག་ལས་གནང་མཁན་གྱི་གྲས་ན་བགྲེས་ཡོལ་དུ་མ་ཕེབས་མཁན་ད་ལྟ་ཧ་ལམ་ཡོད་པ་མ་རེད། ང་ཚོས་གང་ཟག་གཅིག་གི་འཇོན་ནུས་ལ་འཐམས་ནས་བསྡད་ན། “མི་རབས་ནས་མི་རབས་བར་གྱི་རང་དབང་འཐབ་རྩོད་”དེ་ཡོང་ཐུབ་ཀྱི་མ་རེད། དེས་ན་ངེད་ཀྱི་སྐད་འབོད་ནི། “རྒྱ་རི་རིན་པོ་ཆེ་དགོངས་པ་ཞུ་རོགས།”ཞེས་པ་འདི་ཡིན།