སྤོབས་པ་མཐའ་ཡས།
——————–
༡ གླེང་གཞི།
འཛམ་གླིང་གི་འགྱུར་བ་དང་བསྟུན་ནས་ཕོ་མོ་འདྲ་མཉམ་གྱི་ལམ་ཆེན་དུ་ཞུགས་ཚད་མྱུར་དུ་ཕྱིན་པ་ནི་དགའ་འོས་པ་ཞིག་ཏུ་མཐོང་། དེར་བསྟུན་རང་རེ་ཁ་བ་རི་པའི་སྐྱེས་སྨན་འཛམ་གླིང་ཡང་རྩེའི་བདག་མོ་ཚོའི་གོ་གནས་ཐོབ་ཐང་གོང་དུ་འཕར་ཐབས་ལ་་ཡང་བསམ་གཞིག་རེ་བྱེད་རྒྱུ་ནི་བོད་མི་སྤྱི་དང་ལྷག་པར་ཡང་ཤེས་ཡོན་ཅན་གྱི་མི་སྣ་ཚོའི་གཡོལ་ཐབས་མེད་པའི་ལས་འགན་ཞིག་ཏུ་འཁུམས།
བོད་མི་ཚོས་དེའི་སྐོར་ལ་གླེང་སློང་དང་བསམ་གཞིག་བྱེད་ཀྱིན་ཡོད་སྐོར་མང་པོ་ཞིག་བོད་ཕྱི་ནང་གི་དྲྭ་རྒྱ་ཁག་གི་ནང་དུ་བཀོད་ཡོང་གིན་འདུག་མོད་དོན་དངོས་གནས་ལ་བསམ་ན་དེ་ཙམ་གནད་དུ་ཁེལ་གྱིན་མེད་པའི་རྣམ་པ་ཞིག་མཐོང་སོང་། ལ་ལས་ཕོ་མོ་འདྲ་མཉམ་ཡོང་མིན་ནི་བུད་མེད་ཚོ་རང་ཉིད་ལ་ཐུག་ཡོད་ཅེས་པ་ཙམ་དང་གཞུང་ངོས་ནས་བུད་མེད་ལས་བྱེད་པ་བསྡུ་བར་དམིགས་བསལ་གྱི་ལམ་ཁ་སྟོན་དགོས་ཚུལ་ཙམ་མང་པོ་ཞིག་གླེང་གིན་འདུག འོན་ཀྱང་ཕོ་མོ་འདྲ་མཉམ་ངོ་མ་ཞིག་ཡོང་དགོས་ན་སྤྱི་ཚོགས་ཁྱོན་ཡོངས་ཀྱི་བསམ་བློ་འམ་བག་ཆགས་ལ་བཅོས་བསྒྱུར་ཡོང་ཐབས་བྱ་རྒྱུ་མ་གཏོགས་ཕྱོགས་རེ་བ་ཞིག་གིས་འགྲུབ་ཐབས་མེད་པ་ངོས་ཟིན་མཁན་དཀོན་པར་སྣང་།
༢ ཕོ་མོ་འདྲ་མཉམ་གྱི་གལ་ཆེའི་གནད་དོན།
ཕོ་མོ་འདྲ་མཉམ་བྱ་རྒྱུའི་འགན་དེ་ནི་ཕོ་མོ་གཉིས་ཆར་གྱིས་བསྒྲུབ་དགོས་པ་ཞིག་ཡིན། རང་རེ་སྐྱེས་པ་ཚོའི་སྤྱི་ཚོགས་ཀྱི་ངོས་ནས་ཀྱང་རྒྱ་ཆུང་ས་ནས་རང་གི་ཨ་མ་དང་སྲིང་མོ། ཆུང་མ་དང་བུ་མོ། ཚ་མོ་དང་ཡང་ཚ་མོ་སྟེ་རང་དང་ཁྱིམ་རྒྱུད་ཀྱིས་འབྲེལ་བའི་གཉེན་ཚན་བུད་མེད་ཚོ་ཁོ་ན་ལ་བསམ་ན་ཡང་སྐྱེས་པའི་ཚེ་གཡོག་ཏུ་ཉར་བའི་སྲོལ་རྒྱུན་དེ་ལ་བསྒྱུར་བཅོས་ཡོང་ཐབས་དང་བུད་མེད་ཀྱི་ཐོབ་ཐང་དང་། རང་དབང་། བདེ་སྐྱིད། མི་ཚེའི་མཛེས་སྡུག་བཅས་ལ་འདྲ་མཉམ་ཡིན་པ་ཡིན་པར་ཤེས་པའི་བག་ཆགས་ཤིག་ཕོ་མོ་གཉིས་གར་འཇག་དགོས་པ་རེད། རྒྱ་ཆེ་ས་ནས་བུད་མེད་ནི་སྤྱི་ཚོགས་ཀྱི་ཕྱེད་ཀ་ཡིན་སྟབས་དེ་ལ་དམན་སྡང་དང་གཉའ་གནོན་ཡོད་པའི་སྤྱི་ཚོགས་ཤིག་ལ་མཚོན་ན་སྤྱི་ཚོགས་ཧྲིལ་པོའི་ལས་དོན་ཕྱེད་ཀ་ལ་འཐུས་ཤོར་འགྲོ་བཞིན་ཡོད། ལྷག་པར་ཡང་དེང་དུས་སུ་འཕྲུལ་ཆས་གྱིས་དབང་བསྒྱུར་བའི་འཛམ་གླིང་འདིར་ལུས་ཤུགས་ཀྱི་རིན་ཐང་ཆུང་དུ་ཕྱིན་པ་དང་། བརྡ་འཕྲིན་ཅན་དང་འབྲེལ་གཏུག་མཉམ་འབྲེལ་གྱི་སྤྱི་ཚོགས་འདིར་བུད་མེད་ཀྱི་ནུས་ཤུགས་ཆེས་ཆེར་ཕྱིར་མངོན་བཞིན་ཡོད།
རྒྱལ་ཚབ་རྭ་སྒྲེང་དང་ཧི་ཁྲི་ལིར་བར་གྱི་འཕྲིན་ཡིག་རེད་ཟེར་བའི་ཡི་གེ་ཞིག་གླེང་བ།
དམག་ཆེན་གཉིས་པ་མ་ལངས་པའི་སྔོན་ཙམ་སྟེ་སྤྱི་ལོ་༡༩༣༨ལོར་འཇར་མ་ནེའི་SSཚོགས་པའི་ཁོངས་མི་ཡིན་སྐད་པ་གཉིས་ཀྱིས་གཙོས་པའི་སྲོག་ཆགས་རིག་པ་བ་དང་མིའི་རིགས་རིག་པ་བ་འཇར་མན་པ་མི་ལྔ་བོད་ལ་ཡོང་ནས་དུས་ཡུན་གང་འཚམ་ཞིག་གི་རིང་བསྡད་དེ་བོད་ཀྱི་ས་བབ་དང་ཡུལ་མིའི་ལུས་ཚད་དང་གདོང་རིས། དེ་བཞིན་ལོ་རྒྱུས་ལྡན་པའི་དགོན་པ་ཁག་ལ་ཉམས་ཞིབ་བྱས་ཡོད་པ་དང་། སྐབས་དེའི་རྒྱལ་ཚབ་རྭ་སྒྲེང་གིས་དེ་ཚོ་བརྒྱུད་འཇར་མན་ན་ཚེའི་མགོ་ཁྲིད་ཧི་ཁྲི་ལིར་ལ་བཏང་སྐད་ཀྱི་་ཡི་གེ་ཞིག་ཡོད་པའི་གཤམ་དུ་བོད་ཀྱི་རྒྱལ་ཚབ་ཅེས་པའི་མིང་རྟགས་དང་ཐམ་ཀ་འཁོད་པ་ཞིག་དངོས་བཀོད་གློག་བརྙན་ The Nazi Exppeditions in Tibet ་ཞེས་པ་དེའི་ནང་དུ་ཡོད་ན་ཡང་། ལོ་རྒྱུས་འབྲི་མཁན་ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་ཀྱི་སྨད་ཆའི་ཤོག་ལྷེ་༣༥༦ནས་༣༥༧བར་དུ། “མེ་གླང་༡༩༣༧ལོར་འབྲས་སྤྱིས་ཕྱི་རྒྱལ་ལས་ཁུངས་བརྒྱུད་གནས་ཚུལ་ཕུལ་གསལ། འཇར་མན་གྱི་མི་རིགས་ཌོག་ཌོར་ཤས་ཕར་(Dr. scheafer)ཟེར་བ་དང་། ཨེམ་ཆི། པར་རྒྱག་མཁན་སོགས་མི་རིགས་ལྔ་བོད་ཁུལ་བལྟ་བསྐོར་དུ་ཡོང་ཆོག་པ་ཞུས་པ་བཀའ་འཁྲོལ་ལྟར་ལྷ་སར་འབྱོར་ཏེ། ལྷ་ལྡན་སྨོན་ལམ་ཆེན་མོ་དང་རྗེས་འབྲེལ་གཏོར་རྒྱག་གྲོལ་སྟོན་བཅས་ཀྱི་གཟིགས་མོ་ཁག་ལ་ཕྱི་རྒྱལ་མི་སྣ་སྤྱི་མཚུངས་ལྟར་མགྲོན་འབོད་གནང་བ་དང་། དེ་ནས་བསམ་ཡས་དང་། ཁྲ་འབྲུག ཡམ་བུ་གླང་མཁར་སོགས་མཇལ་ཏེ་ཕྱིར་ལོག་བྱས་པ་དང་། ཁོང་ཚོས་སྨོན་ལམ་གཏོར་རྒྱག་སྐབས་ཀླུ་སྦུག་ཏུ་མི་མང་ཁྲོད་པར་རྒྱག་ཏུ་ཕྱིན་པ་ལྟ་སྤྱོད་མི་མཐུན་པས་མཐོང་སྣང་ལ་མི་འཇུག་པ་ལྟ་བུ་བྱུང་སྟེ་མི་མང་ནས་སྐད་ཅོར་བཅས་རྡོ་གཞུས་པ་ཌོག་ཌོར་ཤས་ཕར་གྱི་མགོར་རྡོ་འཕོག་རྨས་སྐྱོན་ཕྲན་བུ་དང་། པར་ཆས་ཤིག་བོར་བརླགས་ལས་ལམ་སེང་གབ་ཡིབ་ཐུབ་པས་དགེ་སྐྱོན་ཆེ་བ་རང་མ་བྱུང་བ་རེད།” ཅེས་འཇར་མན་མི་ལྔ་དེ་བོད་ལ་ཡོང་བའི་ལོ་ཚིགས་ཀྱང་ཁོ་པ་ཚོའི་དངོས་བཀོད་གློག་བརྙན་དེ་དང་མི་མཐུན་པ་ཞིག་དང་། རྒྱལ་ཚབ་རྭ་སྒྲེང་གིས་ཧི་ཁྲི་ལིར་ལ་ཡི་གེ་དེ་འདྲ་ཞིག་བསྐུར་མེད་པའམ། དེ་ལ་ཞྭ་སྒབ་པར་རྒྱུས་མེད་པའམ་ཡང་ན་བསམ་བཞིན་སྦས་སྐུང་བྱས་པ་གང་ལྟར་སྲིད་དོན་རྒྱལ་རབས་ཀྱི་ནང་དུ་འཁོད་མི་འདུག གོང་གི་འཇར་མན་པ་མི་ལྔ་བོད་དུ་ཡོང་བའི་སྐོར་གྱི་གློག་བརྙན་དེ་youtubeདྲ་ཚིགས་སུ་འཛུལ་ནས་The Nazi Exppeditions in Tibet གཏགས་ན་གློག་བརྙན་དེར་སྐོར་ཁག་ལྔ་ཡོད་པ་རིམ་བཞིན་བལྟ་ཐུབ། ཕྱི་རྒྱལ་བ་རྒྱ་དགའ་འགས་ཡི་གེ་དེ་བེད་སྤྱོད་བཏང་སྟེ་སྐབས་དེའི་བོད་ཀྱི་དབང་འཛིན་པ་དག་འཇར་མན་ན་ཚེ་ཚོགས་པ་དང་འབྲེལ་བ་ཡོད་ཚུལ་འུར་སྒྲོག་བྱས་ཡོད་ན་ཡང་། གལ་སྲིད་ཡི་གེ་དེ་བོད་ཀྱི་རྒྱལ་ཚབ་རྭ་སྒྲེང་སྐུ་ངོ་མས་བསྐུར་པ་ཞིག་ཡིན་ཚེ། དེའི་ནང་དུ་ཧི་ཁྲི་ལིར་ལ་སེམས་ཅན་ལ་གནོད་འཚེ་མི་བྱེད་པའི་སྲིད་སྐྱོང་བ་ཞིག་བྱེད་དགོས་པའི་རེ་འདུན་ཙམ་ཞིག་ལས་གཞན་མེད་པ་འདྲ། འདི་ནི་གཅིག་བྱས་ན་”བོད་ནང་ལོ་བདུན”་ཞེས་པའི་གློག་བརྙན་དེ་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་བསླེབས་མ་ཐག་རྒྱ་གཞུང་གིས་”ཀྲུང་གོའི་བོད་ལྗོངས་”དུས་དེབ་ལ་སོགས་པའི་བརྒྱུད་ལམ་སྣ་ཚོགས་བེད་སྤྱོད་ཀྱིས་གློག་བརྙན་དེའི་ནང་གི་མི་སྣ་གཙོ་བོ་ཧན་རིག་ཟེར་བ་དེ་འཇར་མན་ན་ཚེའི་ཚོགས་མི་ཡིན་ལུགས་ཀྱི་ཁྱབ་བསྒྲགས་ཤུགས་ཆེན་བྱས་པ་དང་མཚུངས་པ་ཞིག་ཡིན་ཡང་སྲིད། གང་ལྟར་གོང་གསལ་གྱི་གློག་བརྙན་The Nazi Exppeditions in Tibetཞེས་པ་དེ་ཆ་ཚང་བ་ཞིག་ལ་བལྟས་ཚེ་མིའི་རིགས་རིག་པའི་རྟོག་ཞིབ་པ་ཞིས་ཧྥར་ཟེར་བའི་མི་དེའི་ལོ་རྒྱུས་ག་འདྲ་ཞིག་ཡིན་པ་ཤེས་ཐུབ་ཀྱི་འདུག་ལ། རྩ་བའི་ཆ་ནས་ཞིས་ཧྥེར་ཟེར་བའི་མི་འདི་ནི་ཨི་རན་ནས་འཛམ་གླིང་གང་སར་ཁྱབ་པའི་ཨར་ཡན་མི་རིགས་ཀྱི་རྒྱུད་པ་དེ་འདྲ་བོད་དུ་ཡོད་མེད་ཀྱི་རྟོག་ཞིབ་ཆེད་བོད་ལ་ཡོང་མཁན་ཞིག་ཡིན་པ་འདྲ།