བོད་པའི་མིག
དགེ་འདུན་རབ་གསལ་གྱིས། ང་ལ་བོད་པའི་མིག་ཅིག་ཡོད། ངས་རང་གི་བོད་པའི་མིག་འདི་འཁྱེར་ནས་འཇིག་རྟེན་མྱུལ། ངའི་གྲོགས་པོ་ཚོ་ལ་ཡང་བོད་པའི་མིག་དེ་ཡོད་ལ། ངའི་གཞུང་དང་ངའི་དཔོན་པོ། ངའི་བླ་མ་རྣམས་ལ་ཡང་བོད་པའི་མིག་དེ་ཡོད། བོད་པའི་མིག་དེ་ལ་ཡ་མཚན་མང་པོ་རྙེད། ངའི་བོད་པའི་མིག་འདིས་ “འོ་མ་”ཞེས་པའི་བཏུང་བ་འདི་ནི་སེམས་ཅན་ལས་བཞོས་པ་ཤེས། ངའི་འཁྲིས་ཀྱི་ “བོད་པ་མ་ཡིན་པའི་མིག་”དེ་ཚོས་ “འོ་མ་”ཞེས་པ་དེ་འགྱིག་དམ་ཞིག་གི་ནང་དུ་ཡོད་པའི་བཟོ་གྲྭའི་ཐོན་རྫས་ཤིག་ཏུ་མཐོང་། ངའི་བོད་པའི་མིག་གིས་ཚོན་མདོག་དམར་པོ་དེ་མ་འགྲིག་པ་དང་ཉེན་ཁའི་རང་བཞིན་ཅན་དང་། ལྗང་ཁུ་དེ་ཉེན་མེད་དང་འགྲིག་པ་ཞིག་ཡིན་པའི་མཚོན་རྟགས་སུ་མི་འཛིན། གཞན་གྱི་”མིག་”གིས་དེ་ལྟར་འཛིན། ངའི་བོད་པའི་མིག་འདི་སྲང་ལམ་འདམ་འབག་གིས་ཁེངས་པ་ལ་གོམས་ཡོད་སྟབས། རྡོ་གཅལ་བཏིང་བའི་རྒྱ་ལམ་ལ་ཡ་མཚན། དེ་ནི་གསར་རྙིང་གི་ཁྱད་པར་ཞིག་ལོས་ཡིན། ངའི་བོད་པའི་མིག་འདི་བྱམས་སྙིང་རྗེ་དང་། ཕ་མ་རྒན་རབས་ལ་གུས་ཞབས་བྱེད་རྒྱུར་གོམས་ཡོད་སྟབས། མཚམས་རེར་འཇིག་རྟེན་དུ་དམག་འཁྲུག་ཆེན་པོ་ལངས་སྐབས་ངའི་མིག་འདི་སྡུག་བསྔལ་གྱིས་བཏིམས། འདི་ནི་ “འཇིག་རྟེན་སྤྱི་ཡོངས་ཀྱི་མིའི་གཤིས་ཀ་”ཞིག་ཡིན་པར་འགྲེལ། ངའི་མིག་འདིས་བོད་ཡིག་དང་བོད་ཀྱི་བསམ་བློའི་འཁྱེར་སོ་དེ་བརྒྱུད་ནས་འཇིག་རྟེན་ཁམས་ལ་ལྟ། འཇིག་རྟེན་དུ་ཡོད་པའི་མི་རིགས་གཞན་གྱི་བྱ་སྤྱོད་ལ་ཧང་སངས་ཤིང་མཚམས་རེར་ཁྲེལ་དགོད་བྱེད། དེ་ནི་ང་ལ་འཆར་སྣང་ངམ་སྟོང་སེམས་ཀྱི་བསམ་བློ་ཡོད་པའམ་ཡང་ན། ང་ལ་ “དངོས་ཡོད་”ཐད་གོ་རྟོགས་ལེགས་པོ་ཞིག་མེད་པས་རེད་ཟེར། དེ་ལྟར་བསམས་སྐབས་ང་ཚོས་ཕྱི་ཡུལ་ནས་འཁྱེར་ཡོང་བའི་མིང་ཚིག་ “འཇིག་རྟེན་ལྟ་ཚུལ་ལམ་ Worldview” ཟེར་བ་འདི་ལ་ང་ནི་ངོ་མ་འཕྲོད་པའམ། ཡང་ན་ ངོ་འཕྲོད་ལ་ཉེ་བའི་སྐབས་ཤིག་ཡིན་པ་འདྲ། འདས་པའི་ལོ་ངོ་སུམ་བཅུའི་རིང་གི་བོད་ཀྱི་ཤེས་ཡོན་སྤྲོད་སྟངས་དང་། བོད་ཀྱི་རང་དབང་སླར་གསོའི་ལས་འགུལ་སྤེལ་སྟངས། ཐ་ན་རྒྱ་ནག་དང་ཞི་འགྲིག་བྱེད་པའི་ཐབས་ལམ་ “དབུ་མའི་ལམ་”ཞེས་པའི་མིང་འདོགས་སྟངས་ཚུན་ནས་ “དངོས་ཡོད་རིང་ལུགས་” དང་ “ལག་ལེན་”ལ་མི་མཐུན་པ་རྐྱང་རེད་འདུག་ཅེས་གཞན་ཚོས་བཤད། ང་ཚོའི་བོད་པའི་མིག་གིས་དེ་དག་མི་མཐོང་བ་རེད། གཞན་གྱི་མིག་གིས་དེ་འདྲ་མཐོང་བ་རེད། ང་ཚོས་ “སོ་སོ་རང་གི་སྣང་བ་དག་ནས་བསྡད་ཡོད་པ་རེད།” ཟེར་བའི་བཤད་སྲོལ་ཡོད་པ་དེ་དག་ཀྱང་འདི་ལ་འབྱོར་འདུག་བསམས། ངས་ཉིན་གཅིག་གྲོགས་པོ་ཞིག་ལ། “ཨ་རིའི་ཕོ་བྲང་དཀར་པོ་”ཞེས་བཤད། ཁོས་ “འདི་ནི་ཕོ་བྲང་དཀར་པོ་མ་རེད།”ཟེར། ངས་ “ཡིན་ན་ཡང་། བོད་སྐད་ལ་འདི་ལ་ཕོ་བྲང་དཀར་པོ་ཟེར་”ཞེས་ལན་བཏབ། ཁོས། “ཕོ་བྲང་ཟེར་བ་དེ་རྒྱལ་པོ་ལ་འབྲེལ་བའི་ཚིག་རེད།…