བོད་མིའི་ཁྲོད་དཀའ་ངལ་འཕྲད་ས་གཙོ་བོ་དེ་མཁས་པ་ཚོ་ཡིན།
སྤོབས་པ་མཐའ་ཡས། སྤྱི་ཚོགས་གང་ཞིག་ལ་དཀའ་ངལ་འཕྲད་སྐབས་སྤྱི་ཚོགས་དེའི་དཀའ་ངལ་འཕྲད་སའི་ཚོགས་སྡེ་དང་། གྲལ་རིམ། ལས་རིགས་བཅས་ཀྱི་ཁྱད་པར་ལ་བརྟེན་ནས་དཀའ་ངལ་གྱི་ཚད་དང་རྣམ་གྲངས་མི་འདྲ་བར་འགྱུར་གྱིན་ཡོད། རང་རེ་བོད་ལ་མཚོན་ན་ཕྱིའི་བཙན་གནོན་གྱི་དཀའ་ངལ་དེས་སྤྱི་ཚོགས་སྤྱི་ལ་མ་ཁྱབ་པ་མེད་ཀྱང་གཙོ་བོ་ནི་ཞིང་འབྲོག་མང་ཚོགས་ལས་ཀྱང་མཁས་པ་ཚོར་དཀའ་ངལ་ཆེ་བ་འཕྲད་ཀྱིན་ཡོད། དེ་ཡང་ལས་རིགས་དང་དམིགས་ཡུལ་མི་འདྲ་བའི་གནད་འགག་ལ་བརྟེན་ནས་ཆབ་སྲིད་ཀྱི་གནོན་ཤུགས་དང་དཔལ་འབྱོར་གྱི་མདུན་ལམ་གང་ཐད་ནས་རྒྱ་ནག་གཞུང་གིས་ཀྱང་མཁས་པ་ཚོ་ནམ་ཡང་མགོ་འབུར་འཇུག་འདོད་མེད་པ་རེད། ཞིང་འབྲོག་མང་ཚོགས་ལ་མཚོན་ན་རྒྱ་མིའི་བཙན་འཛུལ་འདི་ཞིང་པ་བཅིངས་འགྲོལ་དང་དམའ་རིམ་མང་ཚོགས་ཀྱི་རྒྱབ་སྐྱོར་ལ་ཁ་གཡར་ནས་སླེབས་སྟབས་ས་ཞིང་དང་ཕྱུག་ནོར་བགོ་འགྲེམ་དང་གྲལ་རིམ་མགོ་སྙོམ་གྱིས་མཚོན་པའི་ཁེ་བཟང་ཡང་གང་འཚམས་རག་ཡོད་པ་དངོས་བདེན་ཡིན། བོད་ལ་མཚོན་ན་མི་རིགས་ཤིག་གི་རིག་གནས་ཀྱི་སྲོག་ཤིང་ནང་པ་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་འདི་ཡིན་སྟབས་རྒྱ་ནག་གི་བཙན་འཛུལ་དེ་ཡང་དམར་ཤོག་པའི་ལྟ་གྲུབ་སྤེལ་བའི་ཁ་གཡང་འོག་ནས་སླེབས་སྟབས་བོད་ཀྱི་མཁས་པ་དང་ཆོས་ལུགས་པ་ཁ་བྲལ་མི་ཐུབ་པའི་རྐྱེན་གྱིས་བོད་མི་མཁས་པ་ཚོ་ལ་ཚབ་ཆེ་བའི་རྡུང་བརྡེགས་ཕོག་པའི་རྐྱེན་ངན་ཞིག་ཏུ་གྱུར་འདུག ད་ལྟའི་གནས་སྟངས་ལ་བལྟས་ན་ཡང་རྒྱ་ནག་གི་རྒྱུགས་ཁྱིར་ཉར་འདོད་ཀྱིས་གསོ་སྐྱོང་བྱས་པ་རེ་ཟུང་མ་གཏོགས་བོད་མི་མཁས་པ་ཞིག་བོད་རང་གི་རིག་གནས་ཀྱི་ཆེད་ལས་བརྟེན་ནས་རང་ཁ་སོས་མཁན་ཕལ་ཆེར་མེད་ཅེས་བརྗོད་ཐུབ་པ་ཞིག་རེད། ཞིང་འབྲོག་མང་ཚོགས་ལ་མཚོན་ན་རྒྱ་ནག་གི་མི་རིགས་གཞན་དང་དབྱེ་བ་ཆེར་མེད། ཁོ་ཚོར་ད་དུང་ས་ཞིང་དང་ཕྱུག་ལུག་ཡོད་ལ་འཚོ་ཐབས་དེའི་སྟེང་ནས་ལས་ཀ་གང་བྱས་རང་དབང་ཡིན་ཐོག་དཀའ་ངལ་བྱུང་ན་རྒུད་སྐྱོབ་ཀྱི་རོགས་དངུལ་ཡང་ཐོབ་ཀྱིན་ཡོད། མཁས་པ་ཞིག་ལ་མཚོན་ན་ནམ་ཡིན་ཡང་རྒྱ་གཞུང་གི་ཉེན་རྟོག་པའི་དབྱུག་པ་ནམ་ཡང་མགོ་ཐོག་ན་འཕྱར་ཡོད་ཡོད་པ་ཡིན་ཞིང་རང་གི་སྐད་ཡིག་གི་བཀོལ་སྤྱོད་རྒྱ་ཇེ་ཆུང་དུ་བསྒྱུར་བའི་རྐྱེན་གྱིས་བོད་ཀྱི་མཁས་པ་ཚོའི་འཚོ་ཐབས་ཀྱི་ལམ་ཁ་ཚང་མ་བཀག་ཚར་ཡོད། ད་ལྟའི་བོད་ཀྱི་མཁས་པ་ཚོའི་གནས་སྟངས་ལ་བལྟས་ན་བོད་ཕྱི་ནང་དུ་འགྱེལ་ལ་ཉེ་བའི་གྱང་རྩར་འགྲེངས་ཏེ་རྩོམ་ཡིག་འབྲི་བ་དང་འཆད་ཁྲིད་བྱེད་པའི་ལས་ཀ་ལ་ཨུ་ཚུགས་བྱེད་མཁན་མཁས་པ་ཆེས་ཉུང་ཤས་ཤིག་ཡོད་ལ། དེ་བཞིན་གཡུལ་ས་བློས་བཏང་ནས་ཕྱིའི་རིག་གནས་ལ་མགོ་བཏགས་ཞུས་ཟིན་མཁན་ཡང་མང་པོ་ཡོད། གཡུ་འབྲུག་གནམ་ལས་ལྷུང་སྟེ་སློབ་སྦྱོང་གི་གནས་ཚད་ཆེས་དམའ་བའི་ལས་རིགས་ལ་ཞུགས་ནས་འཚོ་བ་སྐྱེལ་བཞིན་པ་ཡང་མང་པོ་ཡོད། མདོར་ན་བོད་ཀྱི་མཁས་པ་ཚོའི་མདུན་ལམ་ནི་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་དུ་གྱུར་འདུག ངས་འདིར་རབ་བཏགས་དང་ཆབ་སྲིད་ཀྱི་དགོས་མཁོའི་སྐད་ཆ་གང་ཡང་མིན། བོད་མི་མཁས་པ་ཚོས་རང་རང་ལ་བསམ་བློ་ཞིག་ཐོངས། བོད་མི་མཁས་པ་གཞན་པ་ཚོ་ལ་བསམ་བློ་ཞིག་ཐོངས་དང་བོད་ཀྱི་མཁས་པ་ཞིག་གི་བོད་ཀྱི་རིག་གནས་ལ་བརྟེན་ནས་སྒེར་གྱི་འཚོ་ཐབས་ཐག་གཅོད་པ་ཙམ་ལ་ཡང་དཀའ་ངལ་མ་འཕྲད་ས་ཞིག་མི་འདུག མི་རིགས་ཤིག་གི་ངོ་བོ་དང་རིག་གཞུང་ཞིག་གནས་དང་མི་གནས་ཀྱི་གནད་དོན་དེའི་སྟེང་ནས་ལྟ་སྐབས་ཞིང་འབྲོག་མང་ཚོགས་ཀྱི་དཀའ་ངལ་ལས་ཀྱང་མཁས་པ་ཚོའི་དཀའ་ངལ་འདི་ཆེས་ཉེན་ཁ་དང་གནད་འགག་ཆེ་བ་ཞིག་ཡིན། དཔེ་མཚོན་ཆུང་གྲས་ཤིག་གླེང་ན་འདི་རེད། བོད་མི་བཙན་བྱོལ་བའི་སྤྱི་ཚོགས་ནང་གི་ནོར་བུ་གླིང་ཁའི་རྩོམ་སྒྲིག་སྡེ་ཚན་གྱི་ལས་ཀ་དེ་ལྟ་བུ་ཡིན་ན་མི་རྐྱང་ཞིག་གི་འཚོ་བ་འཁྱོལ་ཙམ་ཡོད་ཀྱང་དེའི་ཁྱིམ་ཚང་ཞིག་གི་རྒྱུན་ལྡན་གྱི་འཚོ་ཐབས་དཀྱུས་མ་ཞིག་ཀྱང་འཁྱོལ་གྱིན་མི་འདུག དེར་བརྟེན་རྩོམ་སྒྲིགསྡེ་ཚན་གྱི་ལས་ཀ་ལས་ཀྱང་མེག་ལོར་སྲང་ལམ་དུ་ཡོང་ནས་སྔོ་ཚལ་མོག་མོག་བཙོང་ན་རྩོམ་སྒྲིག་ཕོགས་ཐོབ་ལས་རྡབས་གཉིས་གསུམ་གྱི་མང་སྟབས་ཁྱིམ་ཚང་དཀྱུས་མ་ཞིག་གི་འཚོ་བ་འཁྱོལ་ཙམ་ཡོང་གིན་འདུག དེར་བརྟེན་རང་གཞན་གྱི་གཏོང་ཕོད་ཅན་ཚོས་བོད་ཀྱིསྤྱི་ཚོགས་ཕྱོགས་གང་སར་རོགས་སྐྱོར་བྱེད་མཁན་མང་པོ་འདུག་ཀྱང་བོད་ཀྱི་མཁས་པ་ཚོ་ལ་རྒྱབ་སྐྱོར་བྱེད་མཁན་དེ་ཙམ་མ་མཐོང་བ་ཐབས་སྐྱོ་བོར་མཐོང་། ངས་འདིར་གླེང་འདོད་པ་ནི་གཏོང་ཕོད་ཅན་ཚོས་བོད་ཀྱི་མཁས་པ་དབུལ་པོ་ཚོར་རོགས་སྐྱོར་བྱ་རྒྱུ་གལ་ཆེར་འཛིན་དགོས་འདུག་ཅེས་ཞུ་འདོད་བྱུང་། །