རོང་པོ་ཤར་ཚང་གི་གསང་རྣམ་ཡ་ཡི་མ།
རོང་པོ་ཤར་ཚང་འདི། ཡ་རེ་ཡ་རེ་ཡ་རེ་ལེན་ཟེར་ནས་གླུ་ལེན་གར་རྩེད་བྱེད་སའི་མིའི་སྤྱི་ཚོགས་ལས་རིང་དུ་གྱེས་ཏེ་མི་མེད་ལུང་སྟོང་དང་འབྲོག་དགོན་མང་པོ་འགྲིམས་ནས་སྒོམ་སྒྲུབ་ཉམས་ལེན་ལ་གཅིག་ཏུ་གཞོལ་ནས་སྡོད་སྐབས། མཚམས་རེར་དངོས་གནས་བྱ་བྱེའུ་འབའ་འབུ་དང་ཤིག་སོ་ལྗི་བ་ལས་གླུ་ལེན་ས་ལེན་རོགས་མེད་པར་མིའི་སྤྱི་ཚོགས་དང་འབྲེལ་ཐག་ཡོངས་སུ་ཆོད་པ་་ལྟ་བུ་ཞིག་ཡོད། ཡིན་ན་ཡང་། དོན་དངོས་སུ་དེ་ལྟར་མིན་ཏེ་རི་མགོ་རྫ་མགོའི་ཕྱུགས་རྫི་རྣམས་དང་རི་ཁུག་ལུང་ཁུག་གི་ཤིང་འཐུ་བ་དང་རྔོན་པ་རེ་ཟུང་གིས་ཐག་རིང་པོ་ནས་སྐད་སྙན་མོའི་ངག་གི་དབྱངས་རྟ་ལ་དྲངས་ནས་ལ་ཡས་ལེན་པ་དེས་ཁོང་ད་རུང་འཇིག་རྟེན་མི་ཡུལ་དུ་ཡོད་པའི་གོ་བརྡ་ཞིག་སྟེར་གྱི་ཡོད་པ་མ་ཟད་ཁོང་གི་ཐུགས་ཡིད་དབང་མེད་དུ་འཕྲོག་གི་ཡོད་པ་རེད། ཁོང་ནས་སྒོམ་སྒྲུབ་བྱེད་ཀྱིན་བྱེད་ཀྱིན་ཕྱིན་ཏེ་སྐབས་ཤིག་ད་ལྟའི་རྨ་ལྷོ་སོག་པོའི་ཁོངས་ཀྱི་སངས་རྒྱས་སྟོང་གི་བླ་རི། ཅི་གིན་སྒམ་བྲག་མཐོན་པོའི་ཁོངས་གསེང་ཞིག་ཏུའང་གང་མཚམས་ཤིག་བཞུགས་པ་མ་ཟད་ལྷ་མོའི་བླ་མཚོར་གནས་བསྟོད་ཅིག་ཀྱང་གནང་། དེའི་སྐབས་དེ་ནས་ལུང་མདོར་བབས་ཏེ་མར་ལྷ་མོའི་བླ་མཚོ་ཡོད་སའི་ཐང་གི་ཕར་ཕྱོགས་སུ་བསོད་ནམས་སྣ་སྒུར་ཚང་གི་རི་བབས་ཡོད་འདུག དེ་ཚང་ལ་མགོན་པོ་ལྟག་ཁྱ་ཟེར་བ་རང་ལོ་བཅོ་ལྔ་ལོན་པ་ལོ་གཞོན་སྐད་སྙན་མོ་ཅན་ཞིག་ཡོད་པ་དེ་དང་ཁོང་གཉིས་གྲོགས་པོ་ཆགསའདུག ཐེངས་ཤིག་ཉི་མ་ཐང་སྟེ་གནམ་སྔོ་ཐང་ཡུག་ཐང་ཆོད་ཡོད་པའི་ཉིན་ཞིག་ཁོང་ཁམས་སངས་ཀྱི་ཆེད་དུ་ཡར་ཤུག་ལུང་གི་རྫ་རྒྱུད་དེད་དེ་རི་རྩེ་མཐོ་ས་ཞིག་ཏུ་བུད་ནས་ཕར་བྱང་ཕྱོགས་སུ་ཁ་འཁོར་ཏེ་རང་གི་ཕ་ཡུལ་རེབ་ཀོང་ཕྱོགས་རྒྱང་ལྟ་བྱེད་བཞིན་རི་དྭགས་ཕོ་མོའི་རྩེད་འཇོ་དང་། བྱ་བྱེའུས་ཅིར་ཅིར་འབྱིན་པའི་སྙན་དབྱངས། ཁ་དོག་འདྲ་མིན་གྱི་ཕྱེ་མ་ལེབ་ཀྱིས་གཤོག་འགྱུར་རྒྱག་བཞིན་རང་དབང་དགའ་བདེའི་དཔལ་ལ་རོལ་བའི་ངང་ཚུལ། བུང་བ་སེར་ཆུང་རྣམས་གཤོག་གླུ་ལེན་བཞིན་ཡོང་སྟེ་མེ་ཏོག་སྣ་བརྒྱས་མགོ་ལྕོག་ལྡེམ་བཞིན་བསུང་ཞིམ་ཀུན་ཏུ་གཏོར་བཞིན་པའི་ནང་ལྡིང་སྐོར་རྒྱག་བཞིན་པ་སོགས་རང་བྱུང་གི་སྣང་ཚུལ་གྱིས་ཐུགས་ཡིད་དབང་མེད་འཕྲོག་སྟེ་བཞུགས་ཡོད་སྐབས། གློ་བུར་དུ་ཕར་ཕྱོགས་ཀྱི་ཤྭ་ལུང་དང་གནའ་ལུང་གཉིས་བར་གྱི་སྒང་མགོ་ནས་མགོན་པོ་ལྟག་ཁྱའི་གླུ་སྐད་སྙན་མོ་ཞིག་གིས་ཁོང་གི་ཐུགས་ཡིད་རང་བྱུང་མཛེས་སྡུག་གི་ཞིང་ཁམས་ནས་སླར་མི་ཡུལ་དུ་དྲངས། ཡེ་ཡེ་ཡེ་ཡེའི་གོ ལ་ཡ་ལ ཡ་ཡའི དགུང་ཨ་སྔོན་གོས་སྔོན་རས་སྔོན་རེད་ཡ་ཡའི། གོན་འདོད་ན་གོང་ང་འདོགས་རན་རེད་ཡ་ཡའི། ཡེ་ཡེ་ཡེ་ཡེའི་གོ་ལ་ཡ་ལ་ཡ་ཡའི། རྟ་འདོ་བ་ན་སོ་གསུམ་པ་རེད་ཡ་ཡའི། རྒྱུག་འདོད་ན་སྒ་སྲབ་བསྒྲིགས་རན་རེད་ཡ་ཡའི། ཡེ་ཡེ་ཡེ་ཡེའི་གོ་ལ་ཡ་ལ་ཡ་ཡའི། རོགས་ཆུང་ལོ་ལྔ་གསུམ་བཅོ་ལྔ་རེད་ཡ་ཡའི། འགྲོགས་འདོད་ན་ཚིག་གསུམ་བཤད་རན་རེད་ཡ་ཡའི་ཟེར་ནས་བླངས་པའི་མགོན་པོ་ལྟག་ཁྱའི་ལ་རིང་དེས་ཁུ་སིམ་གྱི་རི་ལུང་རྫ་ལུང་རྣམས་ཡོངས་སུ་བཀང་ཞིང་རང་བྱུང་གི་རི་བྲག་རྫ་ལུང་རྣམས་སུ་རང་སྒྲ་འཁྲོལ་བཞིན་མཆིས་ལ། དེ་བྲག་ཆ་ནས་བྲག་ཆ་བརྒྱུད་དེ་ཅི་གིན་རྫ་བྲག་གི་རི་རྒྱུད་ཧྲིལ་བོ་ཁོའི་གླུ་སྐད་ཀྱིས་ཡོངས་སུ་ཁེངས། ཡ་ཡའི་ ཡ་ཡའི་ཟེར་བའི་ཁོའི་གླུ་སྐད་དེ་ཁོང་གི་སྒོམ་ཁང་གི་བྲག་ཆའི་ནང་ལྷང་ལྷང་གྲག་བཞིན་འདུག་ལ་ཁོང་གི་ཐུགས་ནང་གི་གཏིང་ཟབ་ས་ན་ཡང་སང་སང་གྲག་བཞིན་ཡོད་འདུག དེར་མ་ཟད་ཁོང་ནས་མགུར་ཞིག་གསུངས་ན་དེའི་ནང་དུའང་ཡ་ཡི་ཟེར་ནས་གྲག་བཞིན་ཡོད་འདུག དུས་ད་ལྟ་བར་དུ་ད་རུང་ཡ་ཡེ་ཡ་ཡེའི་ཟེར་བའི་ལ་སྐས་དེ་མཚམས་ཆད་ཡོད་མི་འདུག