ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གི་རྩོམ་ཡིག་ “བོད་དུ་དར་བའི་ནང་བ་སངས་རྒྱས་པའི་ཆོས་གྲུབ་མཐའ་སོ་སོའི་མིང་འདོགས་ལ་དཔྱད་པ་འཁྲུལ་སེལ་ངག་གི་ཕྱགས་མ་”ཞེས་པ་ཞིག་ ༡༩༨༡ ལོར་བརྩམས་པ་དེར། དེ་དུས་བོད་ནང་དུ་བོད་ཀྱི་ཆོས་ལ་བླ་མ་ཀྱོ་ཞེས་པ་མི་འཐད་ཚུལ་དང་། དེ་བཞིན་རྙིང་མའི་ཆོས་ལ་ཧུ་ཀྱོ་ཟེར་བ་དང་། ས་སྐྱ་བའི་ཆོས་ལ་ཧྭ་ཀྱོ། བཀའ་བརྒྱུད་པའི་ཆོས་ལ་པེ་ཀྱོ། བོན་ཆོས་ལ་ཧེ་ཀྱོ་ཞེས་བྲིས་པ་མི་འཐད་ཚུལ་བཅས་གསུངས་འདུག བོད་ཀྱི་ཆོས་ལུགས་ལ་དེའི་གནས་བབ་དང་མི་མཐུན་པའི་དབྱེ་བ་འབྱེད་ཕྱོགས་བྱུང་སྐབས། སྐབས་དེའི་མཁས་པ་ཚོས་དེ་དང་དེ་ལ་དགག་ལན་གནང་བ་རེད། འདི་ནི་ང་ཚོས་རྗེས་སུ་ཡི་རངས་ཞུ་དགོས་པ་ཞིག་ཡིན་པ་ནི་སྨོས་མ་དགོས།
ཁ་སང་ངས་བོད་སྐད་ཀྱི་ཀློག་དེབ་ཅེས་པའི་མིང་ཐོག་ནས་དྲ་རྒྱའི་ནང་(google)བཙལ་འཚོལ་བྱས་པ་ཡིན། སྐབས་དེར་དེབ་ཅིག་རྙེད་པ་དེའི་འགྲེལ་བཤད་དུ། “འདི་ནི་ཁ་སྐད་ཀྱི་དེབ་ཅིག་ཡིན་པ་ལས་སྲོལ་རྒྱུན་གྱི་བོད་ཡིག་མིན་ལ། སྲོལ་རྒྱུན་གྱི་བོད་ཡིག་གིས་ནི་ཁ་སྐད་ལ་ཕན་ཐོགས་གཅིག་ཀྱང་མེད་པ་རེད།”ཅེས་བྲིས་པ་མཐོང་ནས་ང་རླུང་ལངས་ནས་སྡོད་མི་ཚུགས་པ་ཞིག་བྱུང་། ཡིན་ན་ཡང་ཚིག་འཆལ་རེ་ཟུང་འབྲི་འདུན་ཞིག་མ་ཤར། ད་ནངས་ཐ་མག་གཅིག་ལ་མེ་སྦར་ནས་སྡོད་དུས། ངས་ཚིག་འགའ་ཞིག་འབྲི་དགོས་པ་འདུག་བསམས་ནས་ཡང་བསྐྱར་གོང་གི་ལུང་དེ་བཙལ་བ་ཡིན། ཡིན་ན་ཡང་རྩ་བ་ནས་རྙེད་མ་བྱུང་། གང་ལྟར་གཤམ་གྱི་དོན་འདི་འབྲི་རྒྱུ་ལ་ནི་རྒྱུ་མཚན་འདང་ངེས་ཡོད་པས་གྲོགས་པོ་ཚོར་ཕུལ་བ་ཡིན།
དུས་རབས་ཉེར་གཅིག་པའི་གྲྭ་ས།
གལ་སྲིད་ལྷོ་ཕྱོགས་ཀྱི་གྲྭ་སར་སྡོད་མྱོང་མཁན་དང་དེར་ལྟ་སྐོར་བྱེད་མྱོང་མཁན་ཞིག་ཡིན་ན། ཁང་ཚན་རེ་རེའི་སྒོ་འགྲམ་དུ་རྒན་གཞོན་བར་མའི་གྲྭ་པ་དག་གིས་འཚང་ཁ་ཤིག་ཤིག་གིས་བོད་ཀྱི་དུས་བབ་དང་ཤེས་བྱ་སོགས་ཚགས་དེབ་དག་ལ་ལྟ་བཞིན་ཡོད་པ་དེ་ནི་གཡོལ་ཐབས་མེད་པའི་དོན་དངོས་ཤིག་རེད་ལ། དེས་ཅི་ཞིག་མཚོན་བཞིན་པ་དང་གང་ཞིག་སྟོན་བཞིན་ཡོད་པ་རེད་ཅེ་ན། དུས་རབས་ཉེར་གཅིག་པའི་གྲྭ་པའི་སྤྱི་ཚོགས་འདི་ནི་ལོ་ངོ་ཉིས་སྟོང་སྔོན་གྱི་རྒྱ་གར་དང་བརྒྱ་ཕྲག་འགའི་སྔོན་གྱི་བོད་པའི་སྤྱི་ཚོགས་ཧ་ཅང་གུ་དོག་པོ་དེའི་འཆིང་རྒྱ་ལས་རིང་དུ་བྲལ་ཟིན་ནས། ད་ལྟའི་འཛམ་གླིང་གསར་པ་འདིའི་མི་གྲལ་དུ་ཚུད་པ་དང་འཚུད་རྒྱུ་དེ་ནི་སུས་ཀྱང་གཡོལ་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ཞིག་ཡིན་པ་དེ་ཡིན་ཞིང་། དེ་བཞིན་གྲྭ་ཤག་མང་པོ་ཞིག་གི་སྒེའུ་ཁུང་ལས་སྒྲ་སྡུད་འཁོར་ལོའི་གློག་གི་རྦ་རླབས་ཀྱིས་ལེ་དབར་ཁྲི་ཕྲག་གི་ཕ་རོལ་ནས་བསྒྲགས་པའི་ཨ་རིའི་རླུང་འཕྲིན་དང་ཨེ་ཤི་ཡའི་རང་དབང་རླུང་འཕྲིན་གཉིས་ཀྱི་གསར་འགྱུར་སྣ་ཚོགས་གླིང་ལྔ་མཚོ་བཞིའི་མཁའ་དབྱིངས་བརྒྱུད་དེ་ཡུལ་གྱར་བ་འདི་ཚོའི་ཉིན་རེའི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་བསྒྱུར་དང་སྒྱུར་བཞིན་པའི་རྣམ་པ་དེ་མཐོང་ཐུབ། དེ་བཞིན་སངས་རྒྱས་ཀྱི་ཆོག་མཆན་ཡིག་ཆ་སྟོན་རྒྱུ་མེད་པའི་དགོན་པ་རེ་རེའི་འཚོ་རྟེན་དུ་གྱུར་པའི་ཚོང་ཁང་དང་མགྲོན་ཁང་། ཟ་ཁང་དང་དྲ་ཁང་སོགས་དེང་རབས་འཛམ་གླིང་གི་སྤྱི་འབངས་སུས་ཀྱང་ལོངས་སུ་སྤྱོད་ཐུབ་པ་མང་པོ་ཞིག་དུས་རབས་གསར་པའི་གྲྭ་པ་དག་གིས་ཀྱང་ལོངས་སུ་སྤྱོད་བཞིན་པ་དེ་མིག་ལམ་དུ་ཤར་ཡོང་གི་རེད། འདི་ལྟ་བུའི་འཚོ་གནས་ཀྱི་ཆེད་དུ་ནང་འདྲེན་བྱས་པའི་བྱ་དངོས་གསར་པ་རེ་རེ་བཞིན་རྒྱ་མཚོའི་རྦ་རླབས་བཞིན་གཅིག་རྗེས་གཅིག་གིས་དེད་ནས་ཡོང་བའི་དེ་རིང་། ད་དུང་ཁྱིམ་པ་སུན་འབྱིན་ལ་ཁ་གཡར་ནས་གློག་ཀླད་དང་ཁ་པར་གཏན་འགོག་བྱེད་བཞིན་པ་དེ་ནི། ཁྱིམ་པ་སུན་འབྱིན་གྱི་བྱ་སྤྱོད་ངོ་མ་དེ་ངོས་མ་ཟིན་པའི་སྣང་ཚུལ་ཞིག་ཏུ་ཟད་དེ། རྒྱ་གར་ལྷོ་ཕྱོགས་ལྟ་བུར་མཚོན་ན་རྒྱ་གར་རྒྱལ་ཡོངས་ནས་གནས་སྡོད་ཡུལ་མིའི་དཔལ་འབྱོར་ཧ་ཅང་སྐྱོ་བའི་ཡུལ་གྲུ་ཞིག་ཡིན་པས། ཡུལ་འདི་ནས་དགོན་པ་གྲྭ་ཚང་ཁག་ཅིག་གི་ཕྱག་མཛོད་ཚོས་ཕན་ཚུན་འགྲན་བསྡུར་གྱིས་གཙུག་ལག་ཁང་རྒྱལ་པོའི་ཕོ་བྲང་ལྟ་བུ་རེ་བཞེངས་དང་བཞེང་བཞིན་པ་འདི་ནི་ས་གནས་ཡུལ་མིའི་སྣང་ངོར་ཁྱིམ་པ་སུན་འབྱིན་གྱི་ལས་ངོ་མ་ཞིག་དང་། གོང་ས་མཆོག་གིས་དགོན་པའི་འདུ་ཁང་འགྲན་བསྡུར་ལས་གྲྭ་རྐྱང་ཚོའི་འཚོ་བ་དང་འཕྲོད་བསྟེན་གྱི་གནས་སྟངས་ཡར་རྒྱས་སུ་བཏང་ན་ལེགས་པར་གཟིགས་པའི་བཀའ་སློབ་དག་ཆུ་ནང་ལ་དབྱུགས་པའི་རྟགས་མཚན་ཞིག་མ་རེད་དམ། གལ་སྲིད་གློག་ཀླད་དང་ཁ་པར་བཟུང་མི་ཆོག་ན་དབྱིན་ཡིག་ཀྱང་བསླབ་ན་ག་ལ་འགྲིག་སྟེ་དེ་དག་ནི་ཕྱི་རྒྱལ་གྱི་རིག་གཞུང་གི་རྒྱུད་སྐུད་གཅིག་གི་སྟེང་དུ་གནས་པས་སོ།། ངས་འདིར་ཕྱག་མཛོད་ཀླད་མེད་སྐོར་ཞིག་དང་དགེ་བསྐོས་བཙན་པོ་ཁག་ཅིག་གི་སྐོར་ནས་རང་གིས་གང་བསམས་དེ་རྗོད་བྱེད་བཞིན་ཡོད་པ་མ་གཏོགས། ལམ་བསླབ་པ་གསུམ་གྱི་ཉམས་ལེན་དང་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་གྱིས་སྐུ་ཚེ་འདའ་བ་དག་ནི་ནམ་ཡང་གུས་པའི་བསྟན་དང་སྟོན་པ་གཅིག་པའི་ཆོས་གྲོགས་ཡིན་ནོ།།